བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༢ པའི་ལས་དོན་དབུ་འཛུགས་གནང་བ།

༄༅། །བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་བདུན་པའི་གྲོས་ཆོད་ཨང་ ༢༠༢༤།༡༧།༧།༢༥ དང་། ཡིག་ཆ་ཨང་ ༤༠ པ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ ༡༢༠ དང་ ༡༢༡ དགོངས་དོན་བཞིན་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༢ པའི་མི་འགྲོར། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག སྤྱི་འཐུས་བསྟན་འཛིན་ཆོས་འཛིན་མཆོག་བཅས་བསྐོ་གཞག་གནང་ཡོད་པས། ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་ཚོགས་ཆུང་གི་ཚོགས་མི་རྣམས་ལྷན་འཛོམས་ཀྱིས་ཚོགས་ཆུང་གི་ཚོགས་གཙོར་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། ཚོགས་ཆུང་གི་དྲུང་ཆེར་སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་བཅས་སུ་སྤྱི་མོས་ཀྱིས་ཐུགས་གཏན་ཁེལ་གནང་བ་དང་།
དེ་ནས་ཚོགས་ཆུང་གི་ཚོགས་མི་རྣམས་ནས་སྔར་སྲོལ་ལྟར། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གི་དྲུང་ནས་ལས་དོན་གནང་ཕྱོགས་ཀྱི་ལམ་སྟོན་ཞུས་རྗེས་དངོས་སུ་ལས་དོན་དབུ་འཛུགས་གནང་ཡོད་པ་བཅས།