བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་མངའ་སྡེ་མདྱ་པྲ་དེ་ཤའི་གྲོང་ཁྱེར་བྷོ་པལ་དུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པས་གཙོས་གནད་ཡོད་མི་སྣ་ཁག་ཅིག་ལ་བོད་དོན་ཞུ་སྐུལ་དང་། སློབ་གྲྭར་གཏམ་བཤད་གནང་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་མངའ་སྡེ་ཁག་ནང་མངའ་སྡེ་སོ་སོའི་སྲིད་སྐྱོང་དང་། གྲོས་ཚོགས་ཀྱི་ཚོགས་གཙོ། སྤྱི་ཁྱབ་བློན་ཆེན། དབུས་དང་མངའ་སྡེའི་བློན་ཆེན་ཁག གྲོས་ཚོགས་འཐུས་མི་རྣམ་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག རྒྱ་གར་མང་ཚོགས་དང་སློབ་ཕྲུག་བཅས་ལ་བོད་ཀྱི་དངོས་ཡོད་གནས་སྟངས་ངོ་སྤྲོད་དང་། བོད་དོན་ཞུ་སྐུལ་གནང་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག་དང་། སྤྱི་འཐུས་བསྟན་འཛིན་ཆོས་འཛིན་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༢༥ ནས་ཟླ་ ༢ ཚེས་ ༨ བར་རྒྱ་གར་མངའ་སྡེ་མདྱ་པྲ་དེཤ་ (Madhya Pradesh) དང་། ཆ་ཏིས་གྷར་ (Chhattisgarh) དུ་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་བོད་དོན་ཞུ་སྐུལ་གནང་དང་གནང་བཞིན་པ་ལྟར། ཟླ་ ༡ ཚེས་ ༢༥ ཉིན་གྱི་དགོང་དྲོ་ཆུ་ཚོད་ ༩།༣༠ ཐོག་བྷོ་པལ་ (Bhopal) གནམ་ཐང་དུ་འབྱོར་སྐབས། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་ཁག་ཅིག་གིས་ཕེབས་བསུ་ཞུས་ཤིང་། ཚེས་ ༢༦ ཉིན་གྱི་ཞོགས་པ་ཆུ་ཚོད་ ༩ པའི་ཐོག་སྐོར་བསྐྱོད་མགྲོན་ཁང་ (Circuit House) དུ་འཕགས་བོད་འབྲེལ་མཐུད་ཚོགས་པ་ (Bharat Tibbat Sahyog Manch (BTSM)) ཡི་འཐུས་མི་གྷི་རི་རཇ་ ཀི་ཤོར་ (Giriraj Kishore) ལགས་དང་། རྰ་དྷེ་ མ་ཧ་ར་ཇྰ་ (Radhe Maharaj) ལགས། ལྕམས་སྐུ་ཨ་ནི་ཏྰ་ (Anita) ལགས། གཞན་ཡང་ལས་བྱེད་ཁག་ཅིག་བཞུགས་ཡུལ་མགྲོན་ཁང་དུ་འཚམས་འདྲིར་ཕེབས་ཏེ་བོད་དོན་ཞུ་བསྐུལ་དང་འབྲེལ་བའི་ལས་རིམ་ཐད་གོ་བསྡུར་དང་ཞིབ་ཕྲའི་མཛད་རིམ་བཟོས་གནང་ཡོད་འདུག དེ་རྗེས་ཆུ་ཚོད་ ༡༢ ཐོག་བྷོ་པལ་གྲོང་སྡེའི་སྤྱི་ཁྱབ་ལྕམ་སྐུ་མལ་ཏི་ རཡེ་ (Malti Rai) ལྷན་དུ་ཐུག་འཕྲད་གནང་སྟེ་བོད་ནང་གི་གནད་དོན་གཙོས་བོད་མིའི་སྒྲིག་འཛུགས་ངོ་སྤྲོད་ཞུས་ཡོད་འདུག ཆུ་ཚོད་ ༡ པོའི་ཐོག་ཡུལ་དེའི་ཧིན་དྷུའི་དགོན་པ་གུ་ཕྷ་ མྣ་དྷིར་ (Gufa Mandir) གྱི་བླ་ཆེན་སྐུ་ཞབས་རམ་ པརྰ་ཝེཤ་ དྷས་ཇི་ མ་ཧ་རཇ་ (Ram Pravesh Dasji Maharaj) མཆོག་ལ་མཇལ་འཕྲད་ཀྱིས་བོད་སྤྱིའི་གནས་བབ་ཐོག་གླེང་མོལ་གནང་རྗེས་སྐུ་ཞབས་དྷི་ནེཤ་ ཡ་དཝ་ (Dinesh Yadav, member of Bhartiya Janta Yuva Murcha) ནས་ཉིན་གུང་གསོལ་ཚིགས་གྲ་སྒྲིག་གནང་བ་ལྟར་ཆུ་ཚོད་ ༢།༣༠ ཐོག་ཞལ་ལག་གྲུབ་རྗེས་སྐུ་ཞབས་པན་ཌིཏ་ བན་ཝར་ ལལ་ ཤར་མ་ (Pandit Bhanwar Lal Sharma) མཆོག་ལ་འཚམས་འདྲི་དང་འབྲེལ་ཞུ་བསྐུལ་ལས་འགུལ་ཚགས་ཚུད་ཡོང་སླད་སྨོན་འདུན་དང་བཅས་བོད་མིའི་སྒྲིག་འཛུགས་ངོ་སྤྲོད་ཞུས་ནས་བྷོ་པལ་མངའ་སྡེ་གཞུང་ནས་ཕེབས་འཁོར་དང་བཞུགས་གནས་ཆ་ཚང་གོ་སྒྲིག་གནང་ཡོད་འདུག

ཚེས་ ༢༧ ཉིན་ NRI Institute གཙུག་ལག་སློབ་གཉེར་ཁང་གི་དགེ་སློབ་རྣམས་ནས་མཐོ་སློབ་ཏུ་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་འདུག་པ་དང་། གཙུག་ལག་སློབ་གཉེར་ཁང་གི་ཚོགས་ཁང་དུ་དགེ་སློབ་ཁྱོན་ ༥༠༠ ལྷག་ཙམ་ལ་བོད་དོན་སྐོར་ངོ་སྤྲོད་གནང་བ་མ་ཟད། བོད་མི་ཆབ་སྲིད་ཀྱི་གནས་བབ་ཆ་ནས་རྒྱ་གར་དུ་བཙན་བྱོལ་བ་ཆགས་ནས་མི་ལོ་ ༦༤ ལྷག་འགྲོ་ཡི་ཡོད་པ་དང་། དེའི་རིང་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་བཅས་ལ་བརྟེན་ནས་བོད་མིའི་ཆབ་སྲིད་ཀྱི་འཐབ་རྩོད་གནས་བབ་རེད། ལྷག་པར་དུ་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་པ་མི་ཉམས་རྒྱུན་འཛིན་བྱེད་ཐུབ་པས་བཀའ་དྲིན་ཆེ་ཞུས་ཏེ། ད་དུང་དེ་ལྟར་མུ་མཐུད་རྒྱབ་སྐྱོར་གནང་རོགས་གནོངས་ཞེས་འབོད་སྐུལ་དང་འབྲེལ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་སོགས་གཏམ་བཤད་གནང་ཡོད་འདུག མཐོ་སློབ་དེའི་སྤྱི་ཁྱབ་འགན་འཛིན་མཆོག་ནས་བོད་ཕྲུག་ཚོར་མཐོ་སློབ་འདིར་སློབ་འཇུག་བྱ་འདོད་ཡོད་ན། བོད་ཕྲུག་སློབ་མ་ ༡༠ ལ་རིན་མེད་ཐོག་ས་མིག་གནང་ཆོག་ཅེས་གསུངས་འདུག་པའི་གཏམ་བཟང་དང་།

ཚེས་ ༢༧ ཉིན་ Bhopal Development Authority གྱི་ཚོགས་གཞོན་སྐུ་ཞབས་ Sunil Pandey མཆོག་ལ་འཚམས་འདྲི་དང་ལྷན་དུ། བོད་དོན་ཞུ་སྐུལ་གྱི་གནད་དོན་སྐོར་དང་། ད་ལྟའི་གནས་བབ་སོགས་ཀྱི་སྐོར་གླེང་མོལ་གནང་ཡོད་འདུག དེ་རྗེས་མདྱ་པྲ་དེཤ་མངའ་སྡེའི་བློན་ཆེན་ལྕམས་སྐུ་ Krishna Gaur མཆོག་མཇལ་འཕྲད་གནང་ནས་འཚམས་འདྲི་དང་། ཁོང་རྣམ་འདིར་ཕེབས་དགོས་དམིགས་སྐོར་གསུངས་ཡོད་འདུག དེ་ནས་ས་གནས་དབུ་ཁྲིད་ (Counselor/Pradhan for Ward no 2) འཐུས་མི་ལྕམ་སྐུ་ Kusum Chaturvedi མཆོག་ནས་འཚམས་འདྲི་དང་ཉིན་གུང་གསོལ་ཚིགས་ཀྱི་སྣེ་ལེན་ཞུས། གཞན་ཡང་ དེ་བཞིན་བྷོ་པལ་གྲོང་ཁྱེར་ནང་གི་ནང་པའི་ཆོས་ཚོགས་ཀྱི་སྐུ་ཚབ་རྣམས་སྤྱི་འཐུས་གཉིས་སར་ཕེབས་ནས་བོད་མི་ཡོངས་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་ཇི་ལྟར་བྱེད་ཐུབ་མིན་སྐོར་བཀའ་མོལ་ཞུས་པ་དང་ཆབས་ཅིག་ཁོང་ཚོ་བོད་པའི་ནང་པའི་དགོན་པར་ Bodh Vihar རུ་གདན་ཞུའི་མགྲོན་བརྡ་ཡང་གནང་བྱུང་འདུག

 

ཚེས་ ༢༨ ཉིན་རྒྱ་གར་མངའ་སྡེ་མདྱ་པྲ་དེ་ཤའི་གྲོང་ཁྱེར་བྷོ་པལ་དུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་སྐུ་ཞབས་ Jagdish Devda མཆོག་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས། དེ་བཞིན་ཞུ་སྐུལ་དོན་ཚན་ ༡༠ འཁོད་པའི་ཡིག་ཆ། བོད་དེ་རྒྱ་གར་ལ་གལ་འགངས་ཇི་ལྟར་ཆེ་ཚུལ་གྱི་ཡིག་ཆ་སོགས་ཕུལ་གནང་ཡོད་འདུག དེ་རྗེས་གསར་འགོད་པ་ཕན་ཚུན་ཀི་རི་ཊ་རྩེ་འགྲན་ཐེངས་ཉི་ཤུ་རྩ་དྲུག་པའི་ (26th DIGIANA-IES Inter Press Cricket Tournament 2024) མཛད་སྒོའི་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ངོ་སྤྲོད་གནང་ཡོད་པ་དང་། ལྷག་པར་དུ་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐེངས་བརྒྱད་པའི་ (8th International Buddhist Festival) མཛད་སྒོར་ནང་པའི་རྒྱལ་ཁབ་ཁག་ ༧ ནས་ཆེད་དུ་ཕེབས་པའི་མི་སྣ་དང་། རྒྱ་གར་ནང་པའི་མང་ཚོགས་བཅས་ལ་བོད་བརྒྱུད་ནང་བསྟན་གལ་འགངས་ཆེ་བའི་སྐོར་སོགས་གསུང་བཤད་གནང་ཡོད།

རིམ་པས་སྤྱི་འཐུས་རྣམ་པ་རྒྱ་གར་མཐོ་སློབ་ Sant Hirdaram Girls College ལ་ཕེབས་སྐབས་སྤྱི་འཐུས་རྣམ་གཉིས་ལ་སྣེ་ལེན་ཟབ་རྒྱས་དང་། དེ་རྗེས་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས་ཡོད་འདུག སྤྱི་འཐུས་རྣམ་གཉིས་དེ་རྗེས་རྒྱ་གར་བླ་ཆེན་ Paramhans Sant Hirdaram Sahibji (1906-2006) མཆོག་གི་བཞུགས་གནས་ Ashram སུ་གཟིགས་སྐོར་དུ་ཕེབས།

སྤྱི་འཐུས་རྣམ་པས་འཕགས་བོད་འབྲེལ་མཐུད་ཚོགས་པ་ (BTSM) ཡི་ཚོགས་མི་བུད་མེད་གྲངས་ ༡༥ ལྷག་དང་བོད་དོན་ཞུ་སྐུལ་སོགས་ཀྱི་ཐོག་ལ་ཆུ་ཚོད་གཅིག་ལྷག་གླེང་མོལ་གནང་། དེ་རྗེས་ Dr. B R Ambedkar མཆོག་གི་རྗེས་འཇུག་པའི་ནང་པ་རྣམས་ནས་ཆེད་དུ་གདན་ཞུས་གནང་བ་ལྟར་དེར་ཕེབས་པའི་མང་ཚོགས་ ༣༠༠ ལྷག་ལ་བོད་བརྒྱུད་ནང་བསྟན་ངོ་སྤྲོད་དང་མ་འོངས་པར་ཕན་ཚུན་འབྲེལ་བ་དམ་ཟབ་གནང་དགོས་སྐོར་གྱི་ལམ་སྟོན་སོགས་གནང་ཡོད་པ་བཅས།