བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་མཱ་ཧ་ར་ཤི་ཊྲ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་མངའ་སྡེའི་སྲིད་སྐྱོང་བཅས་ལ་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡༥ ཉིན་ནས་རྒྱ་གར་མངའ་སྡེ་མ་ཧཱ་ར་ཤི་ཊྲ་དང་ཏེ་ལང་གྷ་ན། གྷོ་ཝ་བཅས་སུ་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། ཐེངས་འདིའི་སྤྱི་འཐུས་རྣམ་པའི་ལས་འགུལ་ཐད་རོགས་རམ་གནང་མཁན་རྒྱ་གར་བོད་དོན་ལས་འགུལ་ཚོགས་པ་ (National Campaign for Free Tibet) ཞེས་པའི་པུ་ནེ་ (Pune) དང་སིང་ལཱེ་ (Sangli) ས་གནས་འབྲེལ་མཐུད་པ་སྐུ་ཞབས་བྰ་ལ་ ས་ཧེབ་ རས་ཏེ་ (Bala Saheb Raste) ལགས་ཀྱིས་ངོ་སྤྲོད་གནང་བ་བཞིན། ཕྱི་ཚེས་ ༡༩ ཉིན་གྱི་ཞོགས་པ་མུམ་བྷེ་མཱ་ལ་རྱེ་རྫོང་ (District Malaria Officer) གི་ལས་བྱེད་ཨམ་རྗེ་རྰ་ཇ་རམ་ བོས་ལེ་ (Rajaram Bhonsle) མཆོག་སྤྱི་འཐུས་རྣམ་པ་བཞུགས་ཡུལ་མགྲོན་ཁང་དུ་འཚམས་འདྲིར་ཕེབས་པ་དང་། ཉིན་རྒྱབ་ཆུ་ཚོད་ ༢།༠༠ སྟེང་མུམ་བྷེ་གསར་འགོད་མཐུན་ཚོགས་ཀྱི་ཚོགས་ཁང་ (Mumbai Marathi Patrakara Sangh) ཞེས་པར་གསར་འགོད་ལྷན་ཚོགས་བསྐྱངས་ཏེ། བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་ཀྱི་གནད་དོན་དེ་རྒྱ་གར་ལ་ཇི་ཙམ་གལ་ཆེན་པོ་ཡིན་པའི་སྐོར་གསལ་བཤད་གནང་བ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུས་གནང་ཡོད་འདུག དེ་རྗེས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་བཅས་གནང་ཡོད་འདུག་ལ། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༦།༣༠ སྟེང་མཱ་ཧ་ར་ཤི་ཊྲ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་རྰ་ཧུལ་ ནར་ཝེ་ཀར་ (Rahul Narwekar) མཆོག་ལ་མཇལ་འཕྲད་ཀྱིས་བོད་ལུགས་མཇལ་དར་སྒྲོན་ཏེ་བོད་དོན་ཞུ་སྐུལ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས། བོད་དོན་ཞུ་ཡིག་ཁག་ཕུལ་ཡོད་འདུག
ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༦།༣༠ སྟེང་རྒྱ་གར་གློག་བརྙན་ཁྲོམ་རྭ་ཞིབ་འཇུག་པ་སྐུ་ཞབས་གྷི་རིཤ་ ཝང་ཁེད་ (Girish Wankhede) མཆོག་གིས་གློག་བརྙན་དང་གླུ་གཞས་ལས་རིགས་ཀྱི་མི་སྣ་འགའ་དང་ལྷན་བགྲོ་གླེང་ཞིག་གོ་སྒྲིག་གནང་བ་ལྟར། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་མཆོག་གིས་རྒྱ་གར་དང་བོད་བར་གྱི་ནང་ཆོས་འབྲེལ་བ་དང་། སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་གིས་འཕགས་བོད་བར་གྱི་ས་མཚམས་འབྲེལ་བ། དེ་བཞིན་སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་གིས་བོད་མི་བཙན་བྱོལ་བ་དང་རྒྱ་གར་གཞུང་མང་བར་གྱི་འབྲེལ་བ་བཅས་ཀྱི་སྐོར་ལ་གཏམ་བཤད་དང་དྲི་བ་དྲིས་ལན་གནང་ཡོད་འདུག

ཕྱི་ཚེས་ ༢༢ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢།༠༠ སྟེང་མཱ་ཧ་ར་ཤི་ཊྲ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ (Ramesh Bais) མཆོག་ལ་མཇལ་འཕྲད་ཞུས་ཏེ། ལོ་རྒྱུས་ཐོག་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་ད་ལྟ་རྒྱ་ནག་གི་བཙན་གནོན་འོག་ཚུད་པའི་རྒྱལ་ཁབ་ཅིག་ཡིན་པ། བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཏུ་ངོས་འཛིན་བྱས་ཚེ་བོད་རྒྱའི་དཀའ་རྙོག་གྲོས་མོལ་གྱི་ལམ་ནས་སེལ་རྒྱུར་འགོག་རྐྱེན་ཆགས་ཀྱི་ཡོད་པ། རྒྱ་ནག་གཞུང་དང་༧གོང་ས་མཆོག་གི་སྐུ་ཚབ་གྲོས་མོལ་བརྒྱུད་བོད་རྒྱའི་དཀའ་རྙོག་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་སེལ་དགོས་པ། བོད་ཀྱི་རང་བྱུང་ཁོར་ཡུག་དང་རྒྱུག་ཆུ་སོགས་རྒྱ་གར་དང་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་དང་མི་མང་དུང་ཕྱིར་མང་པོའི་འཚོ་རྟེན་ཆགས་ཡོད་སྟབས་རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་གཏོར་བཅོམ་མཚམས་འཇོག་དགོས་པ། རྒྱལ་སྤྱིའི་རང་དབང་ལྡན་པའི་གསར་འགོད་པ་དང་ཉམས་ཞིབ་པ་སོགས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་ནང་རྟོག་ཞིབ་ཏུ་སྐྱོད་དགོས་པ། རྒྱ་ནག་གཞུང་གིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གཙོས་བོད་པའི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་གཏོང་དགོས་པ་སོགས་ཀྱི་དོན་ཚན་ ༡༠ འཁོད་པའི་ཡིག་ཆ་ཁག་ཕུལ་ཏེ་ཞུ་གཏུག་ཞུས་སྐབས། སྲིད་སྐྱོང་མཆོག་གིས་དེ་སྔ་རྒྱ་གར་སྲིད་བློན་ (Atal Bihari Vajpayee) སྐབས་ཁོང་རྡ་རམ་ས་ལར་༧གོང་ས་མཆོག་ལ་མཇལ་ཁར་བཅར་ཏེ། སྐབས་དེར་༧གོང་ས་མཆོག་གིས་བཀའ་ག་རེ་གནང་བ་ཚང་མ་སྲིད་བློན་མཆོག་ལ་སྙན་སེང་ཞུས་ཟིན་པ་ལྟར། ཐེངས་འདིར་ཡང་ཁྱེད་ཅག་གིས་གསུངས་པའི་གནད་དོན་ཚང་མ་སྲིད་བློན་ན་རཱན་ཌིར་མུ་དྷེ་ (Narendra Modi) མཆོག་གི་སྙན་ལ་འཁྱོལ་ཐུབ་པ་བྱ་ངེས་ཡིན་ཞེས་ཞལ་བཞེས་གནང་ཡོད་འདུག ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༧།༠༥ སྟེང་སྤྱི་འཐུས་རྣམ་པ་མུམ་བྷེ་ནས་མཁའ་ལམ་བརྒྱུད་རྒྱ་གར་མངའ་སྡེ་ཏེ་ལིང་གྷ་ན་ (Telangana) ཡི་རྒྱལ་ས་ཧེ་ཌར་བྷ་ཌི་ (Hyderabad) ལ་བསྐྱོད་ཡོད་འདུག་པ་བཅས།