
སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག སྤྱི་འཐུས་པདྨ་མཚོ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་གིས་ཨུ་ཏར་པར་དེ་ཤི་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༣ ཟླ་ ༡༡ པའི་ཚེས་ ༢༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་སྤྱི་འཐུས་རྣམ་པས་རྒྱལ་ས་ལག་ནོ་རུ་ཡོད་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Bharat Tibet Samanvay Sangh) ཞེས་པའི་རྒྱ་གར་རྒྱལ་ཡོངས་ཀྱི་ཚོགས་གཙོ་དང་། ཨུ་ཏར་པར་དེ་ཤེའི་མངའ་སྡེའི་ཡོ་ག་མཐུན་ཚོགས་ཀྱི་ཚོགས་གཙོ། དེ་བཞིན་རྒྱ་གར་དབུས་བདེ་སྲུང་བློན་ཆེན་སྐུ་ཞབས་ར་ཇ་ན་ཐ་ སིངྒ་ (Shri. Rajnath Singh, Minister of Defence) མཆོག་གི་བུ་གཞོན་པ་སྐུ་ཞབས་ནི་ར་ཇ་ སིངྒ་ (Neeraj Singh Ji) ལགས་དང་ལྷན་མཇལ་འཕྲད་གནང་ཡོད།
མཇལ་འཕྲད་སྐབས། བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་མཚན་ཐོག་ནས་གནང་བའི་བོད་དོན་ཞུ་སྐུལ་གྱི་སྙན་ཞུ་དང་། དེ་བཞིན་བོད་དོན་འགྲེམས་ཤོག དེ་སྔ་བོད་གཞུང་དངུལ་ཁང་གི་སྤྱི་ཁྱབ་རྩིས་དཔོན་ཞྭ་སྒབ་པ་མཆོག་གི་ཕྱི་སྐྱོད་ལག་ཁྱེར་གྱི་ངོ་བཤུས་སོགས་ཕུལ་ཏེ། ལོ་རྒྱུས་ཐོག་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། ད་ཆ་རྒྱ་ནག་དམར་གཞུང་གི་བཙན་བཟུང་འོག བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་དང་བཅས་པ་རྩ་མེད་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་གྱིས་ཉིན་རེ་བཞིན་ཛ་དྲག་ཅན་དུ་འགྱུར་བཞིན་ཡོད་པའི་སྐོར། རྒྱ་ནག་དམར་གཞུང་གིས་བོད་ཙམ་མ་ཟད། ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་། འབྲུག་སོགས་ལའང་བཙན་འཛུལ་གྱི་དཀའ་ངལ་ལོ་ལྟར་བཟོ་བཞིན་ཡོད་པ་སོགས་ངོ་སྤྲོད་གནང་ཡོད་པ་དང་། སྐུ་ཞབས་ནི་ར་ཇ་ སིངྒ་ (Neeraj Singh Ji) ལགས་ནས་ཁོང་གིས་སྣེ་འཁྲིད་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དེས། མཐའ་གཅིག་ཏུ་བོད་དོན་བདེན་མཐའ་གསལ་ཐབས་སུ་རྒྱབ་སྐྱོར་དང་། ད་ལྟ་བར་དུ་གང་ཐུབ་ཀྱིས་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་གནས། བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཕུལ་བའི་བོད་དོན་སྐོར་གྱི་སྙན་ཞུ་སོགས་རྒྱ་གར་དབུས་གཞུང་ལ་འཕྲོད་པ་གནང་རྒྱུ་ཡིན་སྐོར་གསུངས་པ་མ་ཟད། སྤྱི་ལྷན་སྐུ་ཚབ་ཚོགས་ཆུང་ནས་མགྲོན་འབོད་གནང་བ་ལྟར་མ་འོངས་པར་བཞུགས་སྒར་རྡ་སར་བཅར་རྒྱུའི་འཆར་གཞི་ཡང་ཡོད་སྐོར་གསུངས་འདུག
སྐབས་དེར་རྒྱ་གར་བོད་དོན་རྐང་འཁོར་སྐོར་སྐྱོད་པ་སྐུ་ཞབས་བསམ་གཏན་ཡེ་ཤེས་ལགས་ཀྱང་ལྷན་བཅར་གནང་ཡོད་པ་དང་། དེ་བཞིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Bharat Tibbat Sahyog Manch) སོགས་ཀྱི་སྐུ་ཚབ་ཀྱང་ཕེབས་ཡོད་པ་བཅས།