བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་གིས་ཨུ་ཏར་པར་དེ་ཤི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་སོགས་དང་མཇལ་འཕྲད་ཀྱིས་མུ་མཐུད་བོད་དོན་ཞུ་སྐུལ་གནང་བཞིན་པ།

༄༅། ། བོད་མི་མང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག སྤྱི་འཐུས་པདྨ་མཚོ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་གིས་ཨུ་ཏར་པར་དེ་ཤི་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༣ ཟླ་ ༡༡ པའི་ཚེས་ ༢༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ པའི་ཐོག་ཨུ་ཏར་པར་དེ་ཤི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་སྐུ་ཞབས་བྷ་ར་ཇེ་ཤི་ པཱ་ཐག་ (Shri. Brajesh Pathak, Deputy Chief Minister of Uttar Pradesh) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་། མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་པ་དང་། སྐབས་དེར་བློན་ཆེན་མཆོག་ནས་བོད་དོན་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་ཐོག་བཀའ་འདྲི་གནང་བ་མ་ཟད། བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གཙང་མ་ཡོད་སྐོར་གསུངས་ཡོད་འདུག

ཉིན་གུང་ཆུ་ཚོད་ ༡༢ ཐོག་བོད་མི་མང་སྤྱི་འཐུས་རྣམ་པས་ (Hindustan Samachar) ཧིན་རྡུ་སི་ཐན་གསར་ཁང་གི་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་ལགས་དང་མཇལ་འཕྲད་གནང་སྟེ། རྒྱ་ནག་དམར་གཞུང་གིས་བོད་དོན་སྐོར་འཁྱོག་བཤད་ཀྱིས་གནས་ཚུལ་རྫུལ་མ་དྲིལ་བསྒྲགས་སྤེལ་བཞིན་པར། འདི་གའི་གསར་ཁང་བརྒྱུད་རྒྱ་གར་མི་མང་ནང་བོད་ཀྱི་དངོས་ཡོད་གནས་ཚུལ་དང་། དྲང་བདེན་གྱི་དྲིལ་བསྒྲགས་སྤེལ་གནང་ཡོང་བ་སོགས་ཞུས་པ་དང་། ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཐོག་མངའ་སྡེའི་གྲོས་ཚོགས་གོང་མའི་ ཚོགས་གཙོ་སྐུ་ཞབས་ཀུན་ཝར་ མན་ཝེན་དྷ་ར་ སིངྒ་ (Shri Kunwar Manvendra Singh, Chairman of Uttar Pradesh Legislative Council) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་སྐོར་ཞུ་སྐུལ་གནང་རྗེས། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་དུ་ཕེབས་གནང་ཡོད་འདུག

ཕྱི་དྲོ་ཆུ་ཚོད་ ༥ པའི་ཐོག་ལག་ནོ་གཙུག་ལག་སློབ་གྲྭ་ཆེན་མོའི་ཉེ་བའི་རིགས་བདག་སློབ་དཔོན་ཨ་ལོག་ ཀུ་མར་ རཡེ་ (Prof. Alok Kumar Rai, Vice-chancellor of the University of Lucknow) མཆོག་དང་། གཙུག་ལག་སློབ་གཉེར་ཁང་གི་ཤེས་རིག་འགན་འཛིན་སོགས་དང་ལྷན་མཇལ་འཕྲད་གནང་སྟེ། བོད་ནང་གི་ད་ལྟའི་གནས་སྟངས་སྤྱི་དང་། ལྷག་པར་དུ་བོད་ནང་གི་ཤེས་ཡོན་སློབ་གསོའི་ལམ་ལུགས་རྒྱ་ནག་ཅན་དུ་བསྒྱུར་བཞིན་པའི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་ཞུས་གནང་ཡོད་པ་དང་།

དེ་རྗེས། ཕྱི་དྲོ་ཆུ་ཚོད་ ༥།༣༠ ཙམ་ལ་ཨུ་ཏར་པར་དེ་ཤི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་ཟུར་པ་དང་། རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཌི་ནེ་ཤི་ ཤར་མ་ (Shri Dinesh Sharma, Member of Parliament in Rajya Sabha from Uttar Pradesh and Former. Deputy Chief Minister of Uttar Pradesh) མཆོག་དང་། མངའ་སྡེའི་འཚོ་གནས་འཕེལ་རྒྱས་ལྷན་ཁང་གི་བློན་ཆེན་སྐུ་ཞབས་ (Shri Chaudhary Laxmi Narayan Singh, Minister of Dairy Development, Animal Husbandry, Fisheries, Uttarpradesh) མཆོག་རྣམ་གཉིས་ཀྱིས་དབུས་པའི་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་ཀྱིས་བོད་དོན་སྐོར་ཞུ་སྐུལ་གནང་ཡོད་འདུག

དེ་རྗེས་རྒྱལ་ས་ལག་ནོ་རུ་བོད་ལུགས་ཀྱི་ཚེས་བཅོ་ལྔའི་ཉིན། ཧིན་རྡུའི་ཆོས་ལུགས་ཀྱི་དུས་ཆེན་ (Kartika Purnima) སྲུང་བརྩིའི་མཛད་སྒོའི་ཐོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་གི་ཚོགས་མི་རྣམ་པ་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་བཅར་དང་། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Bharat Tibbet Samvad Manch) ཡི་རྒྱ་གར་རྒྱལ་ཡོངས་ཀྱི་ཚོགས་གཙོ་འབུམ་རམས་པ་སན་ཇེ་ ཤུག་ལ་ (Dr.Sanjey Shukla) ལགས་དང་། ལག་ནོ་བོད་མི་སུད་ཚོང་བའི་སྐུ་ཚབ་རྣམ་པ་བཅས་མཛད་སྒོར་མཉམ་ཞུགས་གནང་ཡོད་པ་མ་ཟད། ཆོས་ལུགས་ཀྱི་དུས་ཆེན་དེ་དང་འབྲེལ་ཏེ། གསར་འགོད་པའི་བཅར་འདྲིར་དང་ལེན་གནང་ཡོད་འདུག དེ་ཉིན་བོད་དོན་ཞུ་སྐུལ་སྐབས། ས་གནས་བོད་མིའི་སུད་ཚོང་བའི་སྐུ་ཚབ་རྣམ་པ་གསུམ་མཉམ་བཅར་ཞུས་ཡོད་འདུག་པ་བཅས།