༄༅། ། བོད་མི་མང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག སྤྱི་འཐུས་པདྨ་མཚོ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་གིས་ཨ་ཡོ་དྷི་ཡ་གྲོང་ཁྱེར་ནས་ཡིན་པའི་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་སོགས་དང་མཇལ་འཕྲད་ཀྱིས་མུ་མཐུད་ཨུ་ཏར་པར་དེ་ཤི་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གནང་བཞིན་ཡོད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་གིས་ཨུ་ཏར་པར་དེ་ཤི་མངའ་སྡེའི་ནང་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་སོགས་དང་མཇལ་འཕྲད་ཀྱིས་མུ་མཐུད་བོད་དོན་ཞུ་སྐུལ་གནང་བ།
དེ་ཡང་ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོར་རྩྭ་མཆོག་གྲོང་གི་ལས་རིམ་ཁག་ལེགས་པར་གྲུབ་རྗེས། ཉིན་རྒྱབ་ཆུ་ཚོད་ ༡ པོ་ཙམ་ལ་ཨ་ཡོ་དྷི་ཡ་གྲོང་ཁྱེར་དུ་ཕེབས་ཐོན་གནང་བ་དང་། ཕྱི་དྲོ་ཆུ་ཚོད་ ༥ པ་ཙམ་ལ་ཨ་ཡོ་དྷི་ཡའི་ནང་ཆགས་པའི་ཧིན་རྡུའི་ལྷ་ཁང་ཆེ་ཤོས་ (Mahant Hanuman Gari Mandir, Ayodhya) ཡི་ཆོས་དཔོན་ཆེན་མོ་བྷ་བྷ་ ཊི་ཀ་ རམ་ དྷ་ས་ (Baba Tika Ram Das) མཆོག་དང་ལྷན་མཇལ་འཕྲད་ཀྱིས་འཚམས་འདྲིའི་མཇལ་དར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་སྙན་ཞུ་ཕུལ་བ་དང་སྦྲགས། བོད་དོན་སྐོར་ངོ་སྤྲོད་ཞུས་པ་དང་། སྐབས་དེར་ཧིན་རྡུའི་ཆོས་དཔོན་མཆོག་གིས་དེ་སྔོན་ཁོང་ཉིད་བཞུགས་སྒར་རྡ་སར་ཕེབས་མྱོང་ཡོད་པའི་སྐོར་དང་། བོད་ཀྱི་སྐོར་ལ་ཐུགས་རྒྱུས་ཆེན་པོ་ཡོད་པ་མ་ཟད། བོད་ནི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་སྔ་མོ་ནས་གསལ་པོར་མཁྱེན་གྱི་ཡོད་པའི་སྐོར་དང་། དེ་བཞིན་བོད་མི་རྣམས་ལ་བློ་ཐག་ཉེ་པོ་ཡོད་སྐོར་སོགས་གསུངས་གནང་འདུག
དེ་ནས་དགོང་དྲོ་ཆུ་ཚོད་ ༨ པ་ཙམ་ལ་བོད་མི་མང་སྤྱི་འཐུས་རྣམ་པས་ཨ་ཡོ་དྷི་ཡ་གྲོང་ཁྱེར་ནས་ཡིན་པའི་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ལཱ་ལུ་ སིངྒ་ (Shri. Lallu Singh, Member of Parliament, Lok Sabha) མཆོག་གི་བཞུགས་གནས་སུ་ཆེད་ཕེབས་གནང་སྟེ། ཁོང་དང་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་དང་ལྷན་མཇལ་འཕྲད་གནང་ཡོད་པ་དང་། གཞི་རྩའི་ད་རེས་སྐུ་ཞབས་ཁོང་ནས་བོད་དོན་ཞུ་སྐུལ་གནང་མཁན་གྱི་བོད་མིའི་སྐུ་ཚབ་དང་མཇལ་བ་ཐེངས་དང་པོ་ཆགས་ཡོད་འདུག་པ་དང་། མཇལ་འཕྲད་སྐབས་སྤྱི་འཐུས་རྣམ་པས་འཕགས་བོད་གཉིས་དབར་གྱི་ལོ་རྒྱུས་ཀྱི་འབྲེལ་བ་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས། རྒྱ་ནག་དམར་གཞུང་གིས་བོད་ཙམ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་སོགས་དང་། འཛམ་གླིང་ནང་དཀའ་རྙོག་མང་པོ་བཟོས་དང་བཟོ་བཞིན་པ་སོགས་ཀྱི་སྐོར་ངོ་སྤྲོད་གནང་བ་མ་ཟད། བོད་སྨན་གྱིས་འབྲས་སྐྲན་སོགས་ལ་དམིགས་བསལ་གྱིས་ཕན་ཐོགས་ཆེན་པོ་ཡོད་སྐོར་ངོ་སྤྲོད་དང་། ད་བར་བོད་རྒྱའི་དཀའ་རྙོག་སེལ་མ་ཐུབ་པར་མུ་མཐུད་ལྷག་བསྡད་ཡོད་སྟབས། བོད་དོན་ཐོག་རྒྱབ་སྐྱོར་སྔར་ལྷག་གནང་རྒྱུའི་རེ་སྐུལ་ཞུས་པ་ལྟར། སྐུ་ཞབས་ཁོང་ནས་ཐུགས་སྣང་ཆེན་པོས་བོད་ནང་དཀའ་ངལ་གང་འཕྲད་བཞིན་ཡོད་པ་སོགས་ཀྱི་ཐོག་བཀའ་འདྲི་གནང་བ་བརྒྱུད་བོད་དོན་སྐོར་ལ་མཁྱེན་རྟོགས་གང་ལེགས་བྱུང་སྐོར་དང་། བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་གནས་སོགས་ཕན་ཚུན་ཆུ་ཚོད་གཅིག་ལྷག་རིང་བཀའ་བསྡུར་གནང་ཡོད་འདུག
དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱལ་ས་ལག་ནོའི་ཕྱོགས་སུ་ཕེབས་ཐོན་གྱིས་དགོང་མོ་ཆུ་ཚོད་ ༡༠ ཡོལ་ཙམ་ལ་ས་གནས་སུ་ཕེབས་འབྱོར་གནང་ཡོད་འདུག་པ་བཅས།