བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་སྐུལ་ཚོགས་ཆུང་གིས་ཨུ་ཏར་པར་དེ་ཤི་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གནང་འགོ་འཛུགས་པ།

༄༅། ། བོད་མི་མང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག སྤྱི་འཐུས་པདྨ་མཚོ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་གིས་ཕྱི་ལོ་ ༢༠༢༣ ཟླ་ ༡༡ པའི་ཚེས་ ༢༠ ནས་ ༢༣ བར་ཉིན་གྲངས་བཞིའི་རིང་ཨུ་ཏར་ཁན་ཌི་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་ལེགས་པར་གྲུབ་རྗེས། ཕྱི་ཚེས་ ༢༤ ནས་རྒྱ་གར་བྱང་ཕྱོགས་ཨུ་ཏར་པར་དེ་ཤི་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གནང་འགོ་འཛུགས་ཡོད་པ་རེད།

ཕྱི་ཚེས་ ༢༥ ཉིན་རྒྱལ་ས་ལག་ནོ་རུ་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Core Group for Tibetan Cause-India) ཡི་ཨུ་ཏར་ཁན་ཌི་དང་ཨུ་ཏར་པར་དེ་ཤིའི་འབྲེལ་མཐུད་འགན་འཛིན་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ (Bharat Tibbat Samvad Manch) ཡི་རྒྱ་གར་རྒྱལ་ཡོངས་ཀྱི་ཚོགས་གཙོ་སྐུ་ཞབས་སན་ཇེ་ ཤུག་ལ་(Dr.Sanjey Shukla) ལགས་དང་མཇལ་འཕྲད་ཀྱིས་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གནང་ཕྱོགས་སྐོར་བཀའ་བསྡུར་གནང་རྗེས། ཉིན་རྒྱབ་ཆུ་ཚོད་ ༡ པོའི་ཐོག་ཨུ་ཏར་པར་དེ་ཤི་མངའ་སྡེའི་ཆབ་སྲིད་ཚོགས་པ་ (Samajwadi Party) ཡི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཤི་ཝི་པལ་ སིངྒ་ ཡ་དེབ་ (Shri. Shivpal Singh Yadav) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་དང་། ཕྱི་དྲོ་ཆུ་ཚོད་ ༤།༣༠ ཐོག་རྒྱལ་ས་ལག་ནོ་ཡི་གྲོང་ཁྱེར་སྤྱི་ཁྱབ་ལྕམ་སྐུ་སུ་ཤི་མ་ ཀར་ཝལ་ (Smt Sushma Karkwal) མཆོག་དང་ལྷན་མཇལ་འཕྲད་གནང་ཡོད་འདུག

ལག་ནོ་གྲོང་ཁྱེར་སྤྱི་ཁྱབ་མཆོག་གི་གཞུང་ལས་ཁང་དུ་ས་གནས་ཀྱི་གནད་ཡོད་མི་སྣ་ ༤༠ ཙམ་དང་། གསར་འགོད་པ་བཅས་ལྷན་འཛོམས་ཐོག གྲོང་ཁྱེར་སྤྱི་ཁྱབ་མཆོག་ནས་བོད་མི་མང་སྤྱི་འཐུས་རྣམ་པ་གསུམ་ལ་ཕྱག་རྟགས་དང་། སྣེ་ལེན་ཟབ་རྒྱས་ཞུས་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་ནས་ཀྱང་ལྕམ་སྐུ་མཆོག་ལ་ཕྱག་རྟགས་དང་། བོད་དོན་ཞུ་སྐུལ་གྱི་སྙན་ཞུ་སོགས་ཕུལ་རྗེས། གྲོང་ཁྱེར་སྤྱི་ཁྱབ་མཆོག་ནས་ཁོང་ཉིད་དུས་རྒྱུན་དུ་ནས་བོད་དོན་ཐོག་ཐུགས་ཁུར་གནང་བཞིན་ཡོད་པའི་སྐོར་དང་། ལག་ནོ་གྲོང་ཁྱེར་ནང་ཡོད་པའི་བོད་མི་སུད་ཚོང་བར་དཀའ་ངལ་གང་ཡོད་པ་ཡིན་ནའང་། ཡར་ཞུས་པ་ཡིན་ན་གཟིགས་སྐྱོང་གང་ཡོང་གནང་རྒྱུའི་ཞལ་བཞེས་སོགས་གནང་ཡོད་པ་དང་།

བོད་མི་མང་སྤྱི་འཐུས་རྣམ་པས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་། ལྷག་པར་དུ་བོད་ནང་རྒྱ་ནག་དམར་གཞུང་གིས་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ངན་པའི་ཤུགས་རྐྱེན་འོག བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ཁོར་ཡུག་བཅས་ལ་དོ་ཕོག་བསམ་ཡུལ་ལས་འདས་པ་འབྱུང་བཞིན་ཡོད་པའི་སྐོར་དང་། བོད་ནི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་པའི་ཉེར་ལེན་ལ་བརྟེན་ནས་རྒྱ་གར་གྱི་ས་ཁོངས་སུའང་རྒྱ་དམར་གཞུང་གིས་བཙན་འཛུལ་བྱེད་ཀྱི་ཡོད་པ་དེར་མཐའ་གཅིག་ཏུ་གདོང་ལེན་བྱེད་གལ་ཆེ་བ། ལོ་རྒྱུས་ཐོག་རྒྱ་གར་དང་རྒྱ་ནག་གི་ས་མཚམས་ཟེར་བ་ཞིག་གཏན་ནས་མེད་པ་སོགས་ངོ་སྤྲོད་དང་། དེ་བཞིན་ས་གནས་བོད་མི་སུད་ཚོང་བ་རྣམས་ནི་དེ་སྔ་ནས་ས་གནས་དེར་ཚོང་ལས་གཉེར་ནས་སྡོད་བཞིན་ཡོད་སྟབས། ཁོང་རྣམས་ལ་གཟིགས་སྐྱོང་གང་ལེགས་གནང་སྐྱོང་ཡོང་བའི་འབོད་སྐུལ་བཅས་ཞུས་ཡོད་འདུག ཕེབས་བསུའི་མཛད་སྒོ་གྲུབ་རྗེས། གྲོང་ཁྱེར་སྤྱི་ཁྱབ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་གི་ཚོགས་མི་རྣམ་པ་ཟུར་དུ་མཇལ་མོལ་གནང་ཡོད་པ་མ་ཟད། གསར་ཁང་ཁག་ཅིག་གི་གསར་འགོད་པའི་བཅར་འདྲིར་དང་ལེན་གནང་ཡོད་འདུག

སྐབས་དེར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Core Group for Tibetan Cause-India) ཡི་ཨུ་ཏར་ཁན་ཌི་དང་། ཨུ་ཏར་པར་དེ་ཤིའི་འབྲེལ་མཐུད་འགན་འཛིན་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ (Bharat Tibbet Samvad Manch) ཡི་རྒྱ་གར་རྒྱལ་ཡོངས་ཀྱི་ཚོགས་གཙོ་སྐུ་ཞབས་སན་ཇེ་ ཤུག་ལ་ (Dr. Sanjey Shukla) ལགས་དང་། བྷེ་ཇི་པི་ཨ་ཝ་དཱ་ (Bhartiya Janta Party Awadh) ཁུལ་གྱི་ས་གནས་ཚོགས་གཙོ་སྐུ་ཞབས་ཀམ་ལེ་ཤི་ མི་ཤེ་རཱ་ (kamlesh Mishra) ལགས། མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་གྱན་ ཏི་ཝ་རི་ (Shri Gyan Tiwari) ལགས། (Vibhag Sangathan Maitri) ཡི་སྐུ་ཚབ་སྐུ་ཞབས་ར་ཝིན་དྷ་ར་ ཨུ་པ་དྷེ་ (Shri Ravindra Upadhy) ལགས། དེ་བཞིན་ཨུ་ཏར་པར་དེ་ཤིའི་བྷི་ཇེ་པི་དྲུང་ཆེ་ར་ཧུལ་ བྷལ་མི་ཀི་ (Shri Rahul Balmiki, State Secretary, BJP SC Morcha) ལགས། མངའ་སྡེ་གཞུང་གི་ལས་བྱེད་སྐུ་ཞབས་བྷ་ར་ཏ་ དི་སིཏ་ (Shri Bharat Dixit, Incharge State Office) ལགས། མངའ་སྡེའི་གྲོས་ཚོགས་འོག་མའི་སྐུ་ཚབ་སྐུ་ཞབས་ཝི་ནིཏ་ ཤུག་ལ་ (Shri Vinit Shukla, Vidhansabha Prabhari Sareni, Raibareli) ལགས། ས་གནས་འོས་བསྡུ་ལས་ཁང་གི་འགན་འཛིན་ (Shri Prakash Upadhyay, Regional Co-Convenor Election Management Department) ལགས་སོགས་མཉམ་བཅར་ཞུས་ཡོད་པ་རེད།


དེ་ནས་དགོང་དྲོ་ཆུ་ཚོད་ ༨ པའི་ཐོག་བོད་མི་མང་སྤྱི་འཐུས་རྣམ་པ་རྒྱལ་ས་ལག་ནོ་ནས་རྩྭ་མཆོག་གྲོང་དུ་ཕེབས་ཐོན་གྱིས་དེ་རིང་ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོར་རྩྭ་མཆོག་གྲོང་གི་ས་གནས་གྲོས་ཚོགས་འཐུས་མི་སྐུ་ཞབས་རཱ་ཇ་ནི་ཀན་ཊི་ མཱ་ནི་ (Shri. Rajnikant Mani) མཆོག་དང་ལྷན་མཇལ་འཕྲད་གནང་སྟེ། བོད་དོན་སྐོར་ངོ་སྤྲོད་དང་སྦྲགས། གནས་ཆེན་འདིར་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དགོན་པ་དང་། དེ་བཞིན་ལོ་ལྟར་དད་ལྡན་མཇལ་ཞུ་བ་སྟོང་ཕྲག་མང་པོ་ཡོང་གི་ཡོད་པ་རྣམས་ལ་བློ་བདེ་བག་ཕེབས་དང་། འགྲོ་སྐྱོད་ཐད་བདེ་འཇགས་ཀྱི་མཐུན་རྐྱེན་རྒྱ་ཆེ་བསྐྲུན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། སྐུ་ཞབས་ཁོང་ནས་དགའ་མགུ་ཆེན་པོའི་ཐོག་ནས་མུ་མཐུད་ཐུགས་ཁུར་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་གསུངས་འདུག

དེ་ནས་རྩྭ་མཆོག་གྲོང་གི་གནས་ཆེན་སངས་རྒྱས་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་མཆོད་རྟེན་དང་། (Ramabhar Stupa) གཉིས་སུ་གནས་མཇལ་དང་། ཉིན་གུང་གི་ཞལ་ལག་གྲུབ་རྗེས་ཨ་ཡོ་ཌཱ་ (Ayodhya) དུ་ཕེབས་ཐོན་གནང་སྟེ། གནས་དེར་ཡོད་པའི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་བཅས།