༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༡༡ པའི་ཚེས་ ༢༣ ཉིན་བོད་མི་མང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག སྤྱི་འཐུས་པདྨ་མཚོ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་གིས་རྒྱ་གར་བྱང་ཕྱོགས་ཨུ་ཏར་ཁན་ཌི་མངའ་སྡེའི་ནང་ཉིན་གྲངས་བཞིའི་རིང་གི་བོད་དོན་ཞུ་སྐུལ་གྱི་ལས་རིམ་ཁག་ལེགས་གྲུབ་བྱུང་ཡོད།
དེ་ཡང་ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་ནས་རྒྱ་གར་བྱང་ཕྱོགས་ཨུ་ཏར་ཁན་ཌི་མངའ་སྡེའི་གྲོང་ཁྱེར་ཧ་རི་དྷི་ཝར་ (Haridwar) ནང་བཞུགས་པའི་རྒྱ་གར་གྱི་ཡོ་ག་སློབ་སྟོན་པ་གྲགས་ཅན་སྭ་མི་རཱམ་དེབ་ (Swami Ramdev) མཆོག་གི་བཞུགས་གནས་སུ་ཁོང་དང་ལྷན་མཇལ་འཕྲད་གནང་ཞིང་། སྐབས་དེར་སྤྱི་འཐུས་རྣམ་པས་ཐོག་མར་ཡོ་ག་སློབ་སྟོན་པ་སྭ་མི་རཱམ་དེབ་མཆོག་ལ་འཚམས་འདྲིའི་མཇལ་དར་ཕུལ་བ་དང་། དེ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དོན་ཚན་བཅུ་ཅན་གྱི་བོད་དོན་ཞུ་སྐུལ་སྙན་ཞུ་དང་། དེ་བཞིན་ཕྱག་རྟགས་དེབ་དང་། འགྲེམས་ཤོག་བཅས་ཕུལ་རྗེས། ད་བར་རྒྱ་གར་དབུས་སའི་གཞུང་མང་གཉིས་ནས་བོད་མི་རྣམས་ལ་མཐུན་འགྱུར་དང་གཟིགས་སྐྱོང་གནང་བར་བརྟེན་ནས་བོད་ཀྱི་ཆོས་དང་། རིག་གཞུང་། མི་རིགས་ཀྱི་ངོ་བོ་བཅས་པ་མི་ཉམས་པར་རྒྱུན་འཛིན་གནང་དང་གནང་མུས་ཡིན་པའི་སྐོར་དང་། སྭ་མི་རཱམ་དེབ་མཆོག་གཞི་རྩའི་ཆོས་པ་ཞིག་ཡིན་ནའང་བོད་དོན་ཐོག་ངེས་པར་དུ་ཐུགས་སྣང་དང་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་པར། ཁོང་གིས་བོད་ནང་གི་དགོན་པ་དང་། སློབ་གྲྭ་སོགས་ཀྱི་གནས་སྟངས་ཇི་ལྟར་ཆགས་ཡོད་མེད་སྐོར་ཐུགས་སྣང་ཆེན་པོས་བཀའ་འདྲི་གནང་ཡོད་པ་མ་ཟད། རྒྱུན་དུ་ནས་བོད་མི་རྣམས་ལ་བློ་ཉེ་པོ་ཡོད་པ་དང་། ལྷག་པར་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་ཚང་མས་གུས་བརྩི་ཆེན་པོ་ཞུ་སའི་སྐྱེས་ཆེན་ཞིག་ཡིན་སྟབས། མགོན་པོ་གང་ཉིད་མཆོག་ལ་འཚམས་འདྲི་ཞུ་རོགས་ཅེས་དང་། མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་འདུག
སྐབས་དེར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Bharat-Tibet Samanvaya Sangh) ཞེས་པའི་རྒྱལ་ཡོངས་ཚོགས་གཙོ་སློབ་དཔོན་པི་ ཌི་ ཇུ་ཡུལ་ (Prof. P. D Juyul) ལགས་དང་། སྡེ་ར་ལྡུན་ས་གནས་ཀྱི་ཚོགས་གཙོ་སྨན་པ་ཇི་རེ་ཤི་ སིངྒ་ ནི་གྷི་ (Dr. Giresh Singh Negi) ལགས།ཚོགས་མི་སྤྱི་ཚོགས་ཞབས་ཞུ་བ་དང་། བུད་མེད་ཁེ་ལས་པའི་སློབ་སྟོན་པ་ལྕམ་སྐུ་རཱ་མཱ་ གྷོ་ཡལ་ (Mrs Rama Goyal) ལགས་བཅས་མཉམ་བཅར་ཞུས་ཡོད་འདུག
ཕྱི་དྲོ་ཆུ་ཚོད་ ༤ པའི་ཐོག་བདེ་སྐྱིད་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་གོ་སྒྲིག་འོག སྡེ་ར་ལྡུན་གྱི་གསར་འགོད་ལྷན་ཚོགས་ཀྱི་ཚོགས་ཁང་ (Press Club, Dehradun) ནང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཤིང་། སྐབས་དེར་རྒྱ་གར་གྱི་དུས་བབ་ (Times of India) སོགས་ཀྱི་གསར་འགོད་པ་རྣམས་ལ་ཐེངས་འདིའི་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྐོར་དང་། བོད་ནང་གི་ཛ་དྲག་གནས་སྟངས། རྒྱ་ནག་དམར་གཞུང་གིས་བོད་ས་བཙན་བཟུང་བྱས་ཏེ་བོད་མི་ཁྲི་ཕྲག་མང་པོ་དམར་གསོད་བཏང་བའི་སྐོར། བོད་ཀྱི་ཆོས་དང་། རིག་གཞུང་། མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ལའང་བཙན་འཛུལ་དང་ཧམ་བཟུང་བྱ་རྒྱུ་མགོ་བརྩམས་ཟིན་པའི་སྐོར་དང་། དེའི་ཐོག་ང་ཚོ་ཚང་མ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་རྒྱ་ནག་དམར་གཞུང་ལ་ཁ་གཏད་གཅོག་དགོས་པའི་དུས་ཚོད་གནད་འགག་ཅིག་ལ་བསླེབས་ཟིན་ཡོད་པ་སོགས་ཀྱི་སྐོར་ལ་གསུང་བཤད་དང་། དྲི་བ་དྲིས་ལན་གནང་ཡོད་འདུག
དེ་རྗེས་ས་གནས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་པ་ (BTSS) ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་ཨིན་རྡ་ར་ པལ་ སིངྒ་ ཀོ་ལི་ (Indra Pal Singh Kohli) ལགས་དང་ལྷན་མཇལ་འཕྲད་གནང་ཞིང་། སྐབས་དེར་སྐུ་ཞབས་ཁོང་གིས་ཁོང་ཉིད་དེ་སྔ་ནས་བོད་མི་རྣམས་དང་ཧ་ཅང་འདྲིས་པོ་ཡོད་པ་མ་ཟད། བོད་དོན་ཐོག་རྒྱུན་དུ་ཐུགས་སྣང་གནང་གི་ཡོད་པའི་སྐོར་ངོ་སྤྲོད་གནང་བ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་ནས་སྐུ་ཞབས་ཁོང་ལ་བོད་དང་། བོད་དོན་སྐོར་ངོ་སྤྲོད་གནང་ཡོད་འདུག
གཞི་རྩའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་འདིས་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༢༠ ནས་ཉིན་གྲངས་ ༤ ཡི་རིང་ཨུ་ཏར་ཁན་ཌི་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་གྷུར་མིཊི་ སིངྒ་ (Lt. Gen. Gurmit Singh, Governor of Uttarkhand) མཆོག་དང་། ཨུ་ཏར་ཁན་ཌི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་། མཱ་ཧཱ་ར་ཤི་ཌ་མངའ་སྡེའི་སྲིད་སྐྱོང་ཟུར་པ་སྐུ་ཞབས་བྷ་གྷ་ཏ་ སིངྒ་ ཀོ་ཤི་ཡ་རི་ (Shri. Bhagat Singn Koshyari) མཆོག སྡེ་ར་ལྡུན་གྲོང་ཁྱེར་གྱི་སྤྱི་ཁྱབ་སྐུ་ཞབས་སུ་ནིལ་ ཨུ་ནི་ཡལ་ (Shri. Sunil Uniyal Gama, Mayor of Dehradun) མཆོག མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝི་ནུ་དི་ ཆ་མོ་ལི་(Shri.Vinod Chamoli, MLA Dehradun) མཆོག མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་སུག་བྷིར་ སིངྒ་ སན་དྷུ་ (Shri. Sukhbir Singh Sandhu) མཆོག མངའ་སྡེའི་ནང་སྲིད་དྲུང་འཕར་ལྕམ་སྐུ་ནི་ཝེ་དྷི་ཊ་ ཀུ་ཀི་རེ་ཊི་ ཀུ་མར་(Smt. Nivedita Kukreti Kumar) མཆོག རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Bharat-Tibet Samanvay Sangh) ཞེས་པའི་རྒྱལ་ཡོངས་ཚོགས་གཙོ་སློབ་དཔོན་པི་ ཌི་ ཇུ་ཡུལ་ (Prof. P. D Juyul) ལགས། སྡེ་ར་ལྡུན་ས་གནས་ཀྱི་ཚོགས་གཙོ་སྨན་པ་ཇི་རེ་ཤི་ སིངྒ་ ནི་གྷི་ (Dr. Giresh Singh Negi) ལགས་སོགས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད་པ་དང་། དེ་བཞིན་མངའ་སྡེའི་གཞུང་གི་དྲྭ་རྒྱ་དང་། གཞུང་འབྲེལ་གསར་ཁང་དྷུར་དྷར་ཤན་ (Doordarshan) ནང་བོད་དོན་ཞུ་སྐུལ་སྐོར་གྱི་གསར་འགྱུར་འགོད་སྤེལ་གནང་ཐུབ་པ། གསར་འགོད་ལྷན་ཚོགས་བསྐོངས་ཏེ་ས་གནས་ཀྱི་ཧིན་རྡི་དང་། ཨིན་ཡིག་ཐོག་གི་གསར་འགྱུར་བརྒྱུད་ལམ་མི་འདྲ་བ་དྲུག་ཙམ་གྱི་ནང་བོད་དོན་ཞུ་སྐུལ་སྐོར་གྱི་གསར་འགྱུར་འགོད་སྤེལ་བྱས་ནས་བོད་དོན་སྐོར་ལ་དྲིལ་བསྒྲགས་རྒྱ་གང་ཆེ་གནང་ཡོད་པ་དང་། མུ་མཐུད་རྒྱ་གར་ཨུ་ཏར་པར་དེ་ཤི་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གནང་རྒྱུ་ཡིན་པ་བཅས།
>