༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༡༡ པའི་ཚེས་ ༢༡ ཉིན་བོད་མི་མང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག སྤྱི་འཐུས་པདྨ་མཚོ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་གིས་ཨུ་ཏར་ཁན་ཌི་མངའ་སྡེའི་སྡེ་ར་ལྡུན་གྲོང་ཁྱེར་གྱི་སྤྱི་ཁྱབ་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི། མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་དང་ནང་སྲིད་དྲུང་འཕར་བཅས་དང་ལྷན་རིམ་པས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཙམ་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་གིས་རྒྱ་གར་བྱང་ཕྱོགས་ཨུ་ཏར་ཁན་ཌི་མངའ་སྡེའི་སྡེ་ར་ལྡུན་གྲོང་ཁྱེར་གྱི་སྤྱི་ཁྱབ་སྐུ་ཞབས་སུ་ནིལ་ ཨུ་ནི་ཡལ་ (Shri. Sunil Uniyal Gama, Mayor of Dehradun) མཆོག་དང་། ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་སྡེ་ར་ལྡུན་གྱི་དྷ་རམ་པུར་(Dharampur) ཁུལ་གྱི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝི་ནུ་དི་ ཆ་མོ་ལི་(Shri.Vinod Chamoli, MLA Dehradun) མཆོག་བཅས་དང་རིམ་པས་མཇལ་འཕྲད་གནང་རྗེས། རྒྱ་གར་གཞུང་གི་གསར་ཁང་ཆེ་ཤོས་དྷུར་དྷར་ཤན་(Doordarshan) གྱི་ཨུ་ཏར་ཁན་ཌི་མངའ་སྡེའི་ཡན་ལག་ལས་ཁུངས་སུ་ཆེད་དུ་བཅར་ཏེ། དེ་གའི་འགན་འཛིན་དང་རྩོམ་སྒྲིག་པ་སྐུ་ཞབས་སན་ཇིབ་ ཀུ་མར་ སན་ཌིར་ཡལ་(Sanjeev Kumar Sundriyal) ལགས་དང་། གསར་འགོད་པ་རྒན་གྲས་གཉིས་བཅས་དང་ལྷན་ཐུག་འཕྲད་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་ཀྱི་ལོ་རྒྱུས་གནས་བབ། འཕགས་བོད་གཉིས་དབར་གྱི་ལོ་རྒྱུས་ཀྱི་འབྲེལ་བ་སོགས་ཀྱི་སྐོར་ལ་དྲི་བ་དྲིས་ལན་གནང་ཡོད་འདུག
དེ་ཉིན་དགོང་མོའི་ཆུ་ཚོད་ ༧ པ་ཙམ་ལ་ཨུ་ཏར་ཁན་ཌི་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་སུག་བྷིར་ སིངྒ་ སན་དྷུ་ (Shri. Sukhbir Singh Sandhu) མཆོག་དང་། མངའ་སྡེའི་ནང་སྲིད་དྲུང་འཕར་ལྕམ་སྐུ་ནི་ཝེ་དྷི་ཊ་ ཀུ་ཀི་རེ་ཊི་ ཀུ་མར་(Smt. Nivedita Kukreti Kumar) མཆོག་རྣམ་གཉིས་དང་ལྷན་མཇལ་འཕྲད་གནང་སྟེ། འཚམས་འདྲིའི་མཇལ་དར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དོན་ཚན་བཅུ་ཅན་གྱི་བོད་དོན་ཞུ་སྐུལ་སྙན་ཞུ། དེ་བཞིན་བོད་དོན་ཕྱག་རྟགས་དེབ་དང་། འགྲེམས་ཤོག་བཅས་ཕུལ་རྗེས།
ད་བར་རྒྱ་གར་དབུས་དང་མངའ་སྡེའི་གཞུང་ནས་བོད་མི་རྣམས་ལ་གཟིགས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། མངའ་སྡེའི་ནང་ཕྱི་ལོ་ ༢༠༡༤ ལོའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ལག་བསྟར་གནང་འཆར་ཡོད་པ་ལྟར། གང་མགྱོགས་དེ་ལག་བསྟར་གནང་ཐབས་ཡོང་བའི་འབོད་སྐུལ་བཅས་ཞུས་ཡོད་པ་མ་ཟད། མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་དང་། རྒྱལ་སྤྱིིའི་སྡིངས་ཆའི་ཐོག་བོད་དོན་གླེང་སློང་གནང་རྒྱུའི་འབོད་སྐུལ་ཞུས་གནང་འདུག
མཇལ་འཕྲད་སྐབས། མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་མཆོག་དང་། མངའ་སྡེའི་ནང་སྲིད་དྲུང་འཕར་མཆོག སྡེ་ར་ལྡུན་གྲོང་ཁྱེར་གྱི་སྤྱི་ཁྱབ་མཆོག་བཅས་ནས་ཁོང་རྣམས་ག་དུས་ཡིན་ནའང་བོད་མི་རྣམས་དང་ལྷན་དུ་ཡོད་སྟབས། མངའ་གཞུང་ངོས་ནས་ཀྱང་མུ་མཐུད་གང་ཐུབ་ཀྱིས་གཟིགས་སྐྱོང་གནང་རྒྱུ་ཡིན་པ་དང་། ས་གནས་བོད་མི་རྣམས་ལ་དཀའ་ངལ་གང་ཡོད་ནའང་ཡར་ཞུ་དགོས་པ་དང་། དེར་ཁོང་རྣམ་པས་གང་ཡོང་གནང་རྒྱུ་ཡིན་སྐོར་གསུངས་ཡོད་འདུག་པ་བཅས།