༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༡༡ པའི་ཚེས་ ༢༡ ཉིན་བོད་མི་མང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག སྤྱི་འཐུས་པདྨ་མཚོ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་གིས་ཨུ་ཏར་ཁན་ཌི་མངའ་སྡེའི་སྲིད་སྐྱོང་མཆོག་དང་། སྤྱི་ཁྱབ་བློན་ཆེན་ཟུར་པ་མཆོག་རྣམ་གཉིས་དང་ལྷན་སོ་སོར་མཇལ་འཕྲད་ཀྱིས་ཕན་ཚུན་བཀའ་བསྡུར་ལྷུགས་པོ་གནང་ཡོད་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་གིས་ཨུ་ཏར་ཁན་ཌི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་། མཱ་ཧཱ་ར་ཤི་ཌ་མངའ་སྡེའི་སྲིད་སྐྱོང་ཟུར་པ་སྐུ་ཞབས་བྷ་གྷ་ཏ་ སིངྒ་ ཀོ་ཤི་ཡ་རི་ (Shri. Bhagat Singn Koshyari) མཆོག་དང་ལྷན་མཇལ་འཕྲད་ཀྱིས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བ་དང་། ལྷག་པར་དུ་ཨུ་ཏར་ཁན་ཌི་མངའ་སྡེའི་ནང་ཡོད་པའི་བོད་མིའི་གཞིས་ཆགས་དང་དགོན་སྡེ། དེ་བཞིན་སློབ་གྲྭ་ཁག་བཅས་ལ་གཟིགས་སྐྱོང་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་རྗེས། འཚམས་འདྲིའི་མཇལ་དར་དང་། བོད་ཀྱི་ཆབ་སྲིད་ཀྱི་ལོ་རྒྱུས་དཔེ་དེབ་ཅིག་བཅས་ཕུལ་ཡོད་ཅིང་། སྐབས་དེར་སྐུ་ཞབས་ཁོང་གིས་ཁོང་ཉིད་རྟག་ཏུ་བོད་མི་ཚོ་དང་མཉམ་དུ་ཡོད་པ་དང་། ད་ཆ་རྒས་ཡོལ་ཕེབས་ཟིན་ནའང་མུ་མཐུད་བོད་དོན་ཐོག་ཐུགས་འཁུར་གནང་གི་ཡོད་སྐོར་གསུངས་ཡོད་འདུག
ཉིན་རྒྱབ་ཆུ་ཚོད་ ༢།༠༠ ཙམ་ལ་ཨུ་ཏར་ཁན་ཌི་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་གྷུར་མིཊི་ སིངྒ་ (Lt. Gen. Gurmit Singh, Governor of Uttarkhand) མཆོག་དང་ལྷན་མཇལ་འཕྲད་གནང་སྟེ། བོད་རང་བཙན་ཡིན་པའི་བདེན་དཔང་བོད་གཞུང་དངུལ་ཁང་གི་སྤྱི་ཁྱབ་རྩིས་དཔོན་ཞྭ་སྒབ་པའི་ཕྱི་སྐྱོད་ལག་ཁྱེར་གྱི་ངོ་བཤུས་ཤིག་པར་སྒྲོམ་བཟོས་ཏེ་མཇལ་དར་དང་བཅས་པ་ཕུལ་ཡོད་ཅིང་། སྐབས་དེར་མངའ་སྡེའི་སྲིད་སྐྱོང་མཆོག་ནས་ཁོང་ཉིད་ལོ་མང་རིང་དམག་ཞབས་ཞུས་ཡོད་སྐོར་དང་། དེ་བཞིན་རྒྱ་ནག་ནང་ཐེངས་བདུན་དང་། ཐེ་ཝན་ལ་ཐེངས་གཅིག དམག་དོན་སྐུ་ཚབ་གནང་སྟེ་ཡུ་གུར་གྱི་རྒྱལ་ས་ཨུ་རུ་མུ་ཆི་བཅས་ལ་ཕེབས་མྱོང་ཡོད་སྐོར། དེ་སྔ་སྲིད་སྐྱོང་མཆོག་ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་དུ་ཕྱག་ལས་གནང་སྐབས་བོད་པའི་བླ་མ་ཁག་ཅིག་མཇལ་མྱོང་ཡོད་པ་མ་ཟད། ༧གོང་ས་མཆོག་ལ་སེམས་གཏིང་ནས་གུས་བརྩི་ཆེན་པོ་ཡོད་སྐོར་གསུངས་པ་དང་འབྲེལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་སྙན་ཞུའི་ནང་བཀོད་པའི་དོན་ཚན་བཅུ་རེ་རེ་བཞིན་བཀླགས་ཏེ། སྙན་ཞུའི་ནང་ཚིག་བེད་སྤྱོད་གཏོང་སྟངས་དང་། བརྗོད་དོན་གནད་བསྡུས་གནང་བ་ཧ་ཅང་ལེགས་པོ་བྱུང་ཡོད་སྐོར་བསྔགས་བརྗོད་དང་སྦྲགས། བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གང་ཡོང་གནང་རྒྱུའི་ཞལ་བཞེས་དང་། བོད་དོན་བདེན་མཐའ་མྱུར་ཏུ་གསལ་ཐུབ་རྒྱུར་ཡིད་ཆེས་བརྟན་པོ་ཡོད་སྐོར་སོགས་གསུངས་འདུག
བོད་མི་མང་སྤྱི་འཐུས་རྣམ་པས་གཙོ་བོ་གསུངས་དོན། བོད་ནང་རྒྱ་ནག་དམར་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་དུ་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་བྱས་ཏེ། ཉིན་རེ་བཞིན་བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་སྐོར་དང་། རྒྱ་ནག་དམར་གཞུང་གིས་བོད་ཙམ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་སོགས་ལའང་བཙན་འཛུལ་བྱས་ཏེ། ཨུ་རུ་ན་ཅལ་མངའ་སྡེ་སོགས་རྒྱའི་ས་ཁྲའི་ནང་བཅུག་ནས་ས་ཁྲ་གསར་པ་བཟོས་པ་དང་། ཨུ་རུ་ན་ཅལ་གྱི་རྩེད་འགྲན་པར་རང་ཁོངས་ཐོངས་མཆན་སྤྲད་པ་སོགས་མངའ་ཁོངས་བཙན་འཛུལ་གྱི་དཀའ་རྙོག་བཟོས་དང་བཟོ་བཞིན་པ་དེར་གདོང་ལེན་གྱི་སྲིད་བྱུས་ནན་པོ་འཛིན་གལ་ཆེ་བའི་སྐོར་སོགས་ཞུས་ཡོད་པ་དང་། དེ་བཞིན་མ་འོངས་པར་སྲིད་སྐྱོང་མཆོག་ལ་དུས་ཁོམ་བྱུང་ཚེ། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་བཞུགས་སྒར་རྡ་ས་དང་། མངའ་སྡེའི་ནང་ཡོད་པའི་གཞིས་ཆགས་ཁག་དང་དགོན་སྡེ་སོགས་ཀྱི་ནང་ཕེབས་གནང་ཡོང་བའི་རེ་སྐུལ་ཞུས་པར། སྲིད་སྐྱོང་མཆོག་ནས་མ་འོངས་པར་དུས་ཁོམ་བྱུང་ན་ངེས་པར་དུ་ཕེབས་རྒྱུའི་ཞལ་བཞེས་དང་། མགྲོན་འབོད་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་པ་སོགས་ཕན་ཚུན་ཆུ་ཚོད་གཅིག་ཙམ་རིང་བཀའ་མོལ་ལྷུགས་པོ་གནང་ཡོད་འདུག་པ་བཅས།