བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་བྱང་ཕྱོགས་མངའ་སྡེ་གཉིས་ཀྱི་ནང་བོད་དོན་ཞུ་སྐུལ་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་མངའ་སྡེ་ཁག་ནང་མངའ་སྡེ་སོ་སོའི་སྲིད་སྐྱོང་དང་། གྲོས་ཚོགས་ཀྱི་ཚོགས་གཙོ། སྤྱི་ཁྱབ་བློན་ཆེན། དབུས་དང་མངའ་སྡེའི་བློན་ཆེན་ཁག གྲོས་ཚོགས་འཐུས་མི་རྣམ་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག རྒྱ་གར་མང་ཚོགས་བཅས་ལ་བོད་ཀྱི་དངོས་ཡོད་གནས་སྟངས་ངོ་སྤྲོད་དང་། བོད་དོན་ཞུ་སྐུལ་གནང་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག སྤྱི་འཐུས་པདྨ་མཚོ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ལོ་ ༢༠༢༣ ཟླ་ ༡༡ པའི་ཚེས་ ༡༩ ཟླ་ ༡༢ པའི་ཚེས་ ༢ བར་རྒྱ་གར་བྱང་ཕྱོགས་ཨུ་ཏར་ཁན་ཌི་ (Uttarakhand) དང་། ཨུ་ཏར་པར་དེ་ཤི་ (Uttar Pradesh) བཅས་མངའ་སྡེ་གཉིས་ཀྱི་ནང་བོད་དོན་ཞུ་སྐུལ་གནང་རྒྱུའི་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་ཕྱི་ཟླ་ ༡༡ པའི་ཚེས་ ༡༩ ཉིན་སོ་སོའི་བཞུགས་གནས་ནས་ཨུ་ཏར་ཁན་ཌི་མངའ་སྡེའི་ནང་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༠ ནས་ ༢༣ བར་ས་གནས་སུ་ལས་རིམ། ཕྱི་ཚེས་ ༢༤ ནས་ཟླ་ ༡༢ པའི་ཚེས་ ༡ བར་ཨུ་ཏར་པར་དེ་ཤི་མངའ་སྡེའི་ནང་ལས་རིམ། ཕྱི་ཚེས་ ༢ ཉིན་སོ་སོའི་བཞུགས་གནས་སུ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །