བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་མཆོག་དང་། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་མཆོག་སོགས་མཇལ་འཕྲད་ཀྱིས་ལ་དྭགས་སུ་བོད་དོན་ཞུ་སྐུལ་གྱི་ལས་དོན་ཁག་མཇུག་བསྒྲིལ་བ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༩ པའི་ཚེས་ ༡༡ ཉིན་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཐེངས་འདིའི་ཉིན་གྲངས་ ༧ རིང་གི་ལ་དྭགས་ཁུལ་གྱི་བོད་དོན་ཞུ་སྐུལ་གྱི་ལས་དོན་ཁག་ལེགས་གྲུབ་ངང་མཇུག་བསྒྲིལ་གནང་ཡོད།

དེ་ཉིན་བོད་མི་མང་སྤྱི་འཐུས་རྣམ་པས་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ (Shri Jamyang Tsering Namgyal, Member of Parliament Lok Sabha) མཆོག་དང་།

རྒྱ་གར་རྒྱལ་ཡོངས་ནང་པའི་གྲངས་ཉུང་མི་རིགས་ཀྱི་ཚོགས་མི་རིན་ཆེན་ལྷ་མོ་ (Smt Rinchen Lhamo, Member of Minority commission India) མཆོག

ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་མི་དང་། ས་གནས་བོད་མིའི་བདེ་དོན་གཟིགས་སྐྱོང་འགན་འཛིན་བཀྲ་ཤིས་རྣམ་རྒྱལ་ (Shri. Tashi Namgyal Yakzee, Executive Councillor and Special Welfare Coordinator for Tibetans) མཆོག ལ་དྭགས་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་དང་། རྒྱ་གར་དབུས་གྲོས་ཚོགས་འཐུས་མི་ཟུར་པ། དེ་བཞིན་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་ཟུར་པ་སྐུ་ཞབས་ཐུབ་བསྟན་ཚེ་དབང་ (Shri Thupten Chewang, President of Ladakh Buddhist Association and former MP& CEC) མཆོག མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ཌེལ་ཌ་ རྣམ་རྒྱལ་ (Shri Delda Namgyal, former MLA and Sarpanch) མཆོག ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་ (Shri Tashi Gyaltsen, Chief Executive Councillor, UT Ladakh) མཆོག རྒྱལ་སྲས་འཇིག་མེད་དབང་ཕྱུག་རྣམ་རྒྱལ་ (Prince Jigmey Wangchuk Namgyal) མཆོག སྦེང་ལོར་ནས་ཡིན་པའི་བརྙན་ཐུང་བཟོ་མཁན་སྐུ་ཞབས་མ་ནི་ཤ་ (YouTuber Mr Manishi from Banglore) ལགས་བཅས་དང་ལྷན་རིམ་པས་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་།


དེ་བཞིན་རྒྱ་གར་དབུས་སའི་གཞུང་མང་གཉིས་ནས་བོད་དོན་སྤྱི་དང་། ལྷག་པར་དུ་ས་གནས་སུ་གནས་སྡོད་སྐྱབས་བཅོལ་བོད་མི་རྣམས་ལ་མཐུན་འགྱུར་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བོད་དོན་དང་། བོད་མི་རྣམས་ལ་སྔར་ལྷག་མཐུན་འགྱུར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་ཞུ་སྐུལ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གི་མཚན་རྟགས་འཁོད་པའི་དོན་ཚན་བཅུ་ཅན་གྱི་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་སོགས་ཕུལ་གནང་སྟེ། ཐེངས་འདིའི་ལ་དྭགས་ཁུལ་གྱི་བོད་དོན་ཞུ་སྐུལ་གྱི་ལས་དོན་ཁག་ལེགས་གྲུབ་ངང་མཇུག་བསྒྲིལ་གནང་ཡོད་པ་བཅས།