བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ལ་དྭགས་དབུས་འཛིན་མངའ་གཞུང་གི་སྲིད་སྐྱོང་མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་དང་། ལ་དྭགས་གཙུག་ལག་སློབ་གཉེར་ཁང་དུ་བོད་དོན་སྐོར་གསུང་བཤད་གནང་བ།

ལ་དྭགས་དགོན་པ་ཚོགས་པའི་ཚོགས་གཙོ་ཚེ་རིང་དབང་འདུས་ (Ven. Tsering Angdus, President of Ladakh Gonpa Association) ལགས།

༄༅། ། བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ལ་དྭགས་སུ་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༣ ཟླ་ ༩ པའི་ཚེས་ ༨ ཉིན་བོད་མི་མང་སྤྱི་འཐུས་རྣམ་པས་ལ་དྭགས་དབུས་འཛིན་མངའ་གཞུང་གི་སྲིད་སྐྱོང་རྒྱ་གར་དམག་སྤྱི་ཟུར་པ་སྐུ་ཞབས་ བྷི་ ཌི་ མི་ཤི་རཱ་ (Brig (Dr) B. D Mishra (Retd), Honourable Lieutenant Governor of Ladakh) མཆོག་དང་། ལ་དྭགས་དགོན་པ་ཚོགས་པའི་ཚོགས་གཙོ་ཚེ་རིང་དབང་འདུས་ (Ven. Tsering Angdus, President of Ladakh Gonpa Association) ལགས། ཧི་མ་ལ་ཡའི་ཤེས་ཡོན་བསྟི་གནས་ཁང་ (Himalayan Institute of Alternatives) ཞེས་པའི་ངེས་སྟོན་པ་དང་། ཁོར་ཡུག་ལས་འགུལ་བ་བསོད་ནམས་དབང་ཕྱུག་ལགས་བཅས་དང་ལྷན་རིམ་པས་མཇལ་འཕྲད་གནང་འདུག

ཧི་མ་ལ་ཡའི་ཤེས་ཡོན་བསྟི་གནས་ཁང་ (Himalayan Institute of Alternatives) ཞེས་པའི་ངེས་སྟོན་པ་དང་། ཁོར་ཡུག་ལས་འགུལ་བ་བསོད་ནམས་དབང་ཕྱུག་ལགས།

མཇལ་འཕྲད་སྐབས་སོ་སོར། བོད་མི་མང་སྤྱི་འཐུས་རྣམ་པས་ཁོང་རྣམས་ལ་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གི་མཚན་རྟགས་འཁོད་པའི་དོན་ཚན་བཅུ་ཅན་གྱི་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་སོགས་ཕུལ་ཏེ་བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་ཞུ་སྐུལ་གནང་ཡོད་འདུག

གཞན་ཡང་དེ་ཉིན་བོད་མི་མང་སྤྱི་འཐུས་རྣམ་པ་ལ་དྭགས་གཙུག་ལག་སློབ་གཉེར་ཁང་ལ་ཆེད་ཕེབས་ཀྱིས་དགེ་སློབ་རྣམས་ལ་བོད་དོན་སྐོར་གསུང་བཤད་གནང་ཡོད་པ་བཅས། །