༄༅། ། བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་མཆོག སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཡུ་རོབ་རྒྱལ་ཁབ་ཨེ་སི་ཊོ་ནེ་ཡ་ (Estonia) རུ་གོ་ལ་ཧྲིལ་པོའི་དཀྱེལ་ཡངས་སྲིད་གཞུང་གི་མཛའ་འབྲེལ་ལྷན་ཚོགས་ (Open Government Partnership Global Summit 2023) སུ་ཨེ་སི་ཊོ་ནེ་ཡའི་སྲིད་བློན་ལྕམ་སྐུ་ཀཱ་ཇ་ ཀ་ལ་སི་ (Kaja Kallas) མཆོག་དང་ལྷན་མཇལ་འཕྲད་སོགས་གནང་སྟེ། ལྷན་ཚོགས་སུ་མཉམ་ཞུགས་ཀྱིས་ཐེངས་འདིའི་གཞུང་འབྲེལ་ཕྱོགས་ཕེབས་ཀྱི་ལས་རིམ་ཁག་རེ་ཞིག་ལེགས་པར་གྲུབ་གནང་ཡོད་འདུག
དེ་ཡང་ཕྱི་ཟླ་ ༠༩ ཚེས་ ༠༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༠༨།༤༥ ཐོག་གོ་ལ་ཧྲིལ་པོའི་དཀྱེལ་ཡངས་སྲིད་གཞུང་གི་མཛའ་འབྲེལ་ལྷན་ཚོགས་ (Open Government Partnership Global Summit 2023) ཀྱི་དངོས་གཞིའི་ཚོགས་འདུ་དེ་ཉིད་ཡུ་རོབ་ཨེ་སི་ཊོ་ནེ་ཡའི་རྒྱལ་ས་ཏཱ་ལཱན་གྱི་ (Telliskivi Loomelinnak) ཞེས་པའི་ཚོགས་ཁང་ཆེན་མོའི་ནང་དངོས་སུ་དབུ་འཛུགས་ཞུས་ཤིང་། སྐབས་དེར་ཨེ་སི་ཊོ་ནེ་ཡའི་སྲིད་བློན་ལྕམ་སྐུ་ ཀཱ་ཇ་ ཀ་ལ་སི་ (Kaja Kallas) མཆོག་དང་། ཁཱོ་སོ་བོ་ (Kosovo) རྒྱལ་ཁབ་ཀྱི་སྲིད་བློན་སྐུ་ཞབས་ ཨཱལ་བྷིན་ ཁུར་ཊི་ (Albin Kurti) མཆོག་བཅས་ནས་ཚོགས་ཐོག་ཏུ་དངོས་སུ་གསུང་བཤད་གནང་ཡོད་པ་དང་། དེ་བཞིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ ཨན་ཊོ་ནེ་ བྷི་ལེན་ཁིན་ (Antony Blinken) མཆོག་དང་། ཡུག་ཀུ་རན་གྱི་སྲིད་བློན་སྐུ་ཞབས་ དྷེ་ནེ་སི་ སམ་ཧེ་ (Denys Shmyhai) མཆོག ལྷོ་ཨ་ཧྥི་རི་ཁའི་རྒྱལ་ཁབ་མ་ལ་ཝི་ (Malawi) ཡི་སྲིད་འཛིན་སྐུ་ཞབས་ཅག་བེ་ར་ (Chakwera) མཆོག ཌོ་མི་ནེ་ཁན་སྤྱི་མཐུན་རྒྱལ་ཁབ་ (Dominican Republic) ཀྱི་སྲིད་འཛིན་སྐུ་ཞབས་ལུའེ་སི་ ཨ་བྷེ་ན་ཌར་ (Luis Abinader) བཅས་ནས་དྲྭ་ལམ་བརྒྱུད་གསུང་བཤད་གནང་ཡོད་འདུག
དེ་རྗེས་བོད་མི་མང་སྤྱི་འཐུས་རྣམ་པ་རིམ་པར་བྱས་ནས་བརྗོད་གཞི་ཁག་མང་པོར་ཚོགས་བཅར་གྱིས་མཉམ་ཞུགས་གནང་ཡོད་ཅིང་། ཚོགས་ཐོག་ཏུ་སྐབས་བསྟུན་བརྗོད་གཞི་ཁག་དང་འཕྲོས་ནས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གླེང་སློང་གནང་རྒྱུའང་བྱུང་ཡོད་པ་མ་ཟད། སྤྱི་འཐུས་རྣམ་པས་ཟུར་དུ་རྒྱལ་ཁབ་མ་འདྲ་བ་ཁག་ནས་ཕེབས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་མི་མང་གི་སྐུ་ཚབ་གང་མང་དང་མཇལ་འཕྲད་གནང་སྟེ། རྒྱ་ནག་དམར་གཞུང་གིས་བོད་ནང་དུ་སྡུག་རྩུབ་རང་བཞིན་གྱི་ཐབས་བྱུས་སྣ་ཚོགས་སྤེལ་ཏེ་བོད་མི་རིགས་རྩ་མེད་གཏོང་ཐབས་བྱེད་བཞིན་ཡོད་པའི་དཀའ་ངལ་སྤྱི་དང་། བྱེ་བྲག་ཏུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གཙོ་བོར་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་སོགས་ཀྱི་སྐོར་ལ་ངོ་སྤྲོད་གང་མང་ཞུས་གནང་འདུག
ཕྱི་ཚེས་ ༠༧ ཉིན་སྤྱི་འཐུས་རྣམ་པ་རིམ་པར་བྱས་ནས་བརྗོད་གཞི་ཁག་མང་པོར་ཚོགས་བཅར་གྱིས་མཉམ་ཞུགས་དང་། དྲི་བ་དྲིས་ལན་གྱི་ཆ་ཤས་བླངས་ཡོད་པ་མ་ཟད། ཟུར་དུ་ཕྱི་ལོ་ ༢༠༢༡ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གསར་འགོད་པ་གྲགས་ཅན་ལྕམ་སྐུ་ མཱ་རེ་ཡ་ (Maria) མཆོག་དང་ཟུར་མཇལ་ཞུས་ཏེ། དེ་སྔོན་སྤྱི་ནོར་༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ལྕམ་སྐུ་མཆོག་ལ་འཚམས་འཕྲིན་གནང་སྟེ། ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གི་ཐག་གཅོད་དང་། ལྕམ་སྐུ་མཆོག་གི་ཕྱག་ལས་ལ་ཡི་རངས་ཞུས་པའི་གནས་ཚུལ་སོགས་དྲན་སྐུལ་ཞུས་པར། ལྕམ་སྐུ་མཆོག་ནས་ཀྱང་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ལྷན་ཚོགས་འདིར་བོད་མིའི་སྐུ་ཚབ་རྣམས་དང་མཇལ་འཕྲད་བྱུང་བར་དགའ་སྤྲོ་ཆེན་པོ་བྱུང་སྐོར་སོགས་གསུངས་འདུག
གཞན་ཡང་། སྤྱི་འཐུས་རྣམ་པས་ཨ་རིའི་གཞུང་གི་གྲོས་ཚོགས་འཐུས་མི་ཟུར་པ་དང་བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་ རྗེ་ཁེ་ སི་པེ་ཨར་ (Jackie Speier) མཆོག་དང་ལྷན་མཇལ་འཕྲད་ཀྱིས་ད་བར་བོད་མིའི་རང་དབང་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། མུ་མཐུད་རྒྱབ་སྐྱོར་གནང་དགོས་པའི་སྐོར་སྐུལ་མ་ཞུས་པར་ལྕམ་སྐུ་མཆོག་ནས་ཀྱང་ཞལ་བཞེས་གནང་ཡོད་པ་མ་ཟད། ཚོགས་ཐོག་ཏུ་བོད་མིའི་སྐུ་ཚབ་རྣམས་མཇལ་རྒྱུ་བྱུང་བར་དགའ་སྤྲོ་ཆེན་པོ་བྱུང་སྐོར་གསུངས་འདུག
དེ་ཉིན་ཕྱི་དྲོ་ཆུ་ཚོད་ ༠༧།༣༠ ཙམ་གྱི་ཐོག་སྤྱི་འཐུས་རྣམ་པར་ཨེ་སི་ཊོ་ནེ་ཡའི་སྲིད་བློན་ལྕམ་སྐུ་ ཀཱ་ཇ་ ཀ་ལ་སི་ (Kaja Kallas) མཆོག་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་ཐོབ་ཡོད་པ་དང་། སྐབས་དེར་སྤྱི་འཐུས་རྣམ་པས་སྲིད་བློན་མཆོག་ལ་འཚམས་འདྲིའི་མཇལ་དར་ཕུལ་བ་དང་སྦྲགས། ཚོགས་ཆེན་འདིར་བོད་མིའི་སྐུ་ཚབ་ཐོག་ནས་བཅར་དགོས་དོན་སོགས་སྙན་སེང་དང་། དེ་བཞིན་སྤྱི་འཐུས་རྣམ་པས་སྲིད་བློན་མཆོག་ལ་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་གྱི་ངོ་སྤྲོད། བོད་ཀྱི་ཁོར་ཡུག་ངོ་སྤྲོད། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་དེ་སྔོན་བཀོལ་སྤྱོད་བྱས་པའི་ཕྱི་སྐྱོད་ལག་འཁྱེར་གྱི་ངོ་བཤུས། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བྱུང་རིམ་གྱིས་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ངོ་སྤྲོད་ཡིག་ཆ་རྣམས་ཕུལ་འདུག
ཚོགས་འདུ་གྲོལ་མཚམས་བོད་མི་མང་སྤྱི་འཐུས་རྣམ་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་རིའི་གཞུང་ཚབ་སྐུ་ཚབ་ཟུར་པ་དང་ཨ་རིའི་རོགས་ཚོགས་ (USAID) ཀྱི་སྤྱི་ཁྱབ་འགན་འཛིན་ལྕམ་སྐུ་སཱ་མཱན་ཐ་ པ་ཝོར་ (Samantha Power) མཆོག་ལ་མཇལ་དར་སྒྲོན་འབུལ་དང་། བོད་མིའི་སྐུ་ཚབ་སྤྱི་འཐུས་རྣམ་པ་ངོ་སྤྲོད་ཞུས་པ་དང་། གཞན་ཡང་ (OGP) ཚོགས་པའི་སྤྱི་ཁྱབ་འགན་འཛིན་སན་ཇེ་ པར་དྷན་ (Sanjay Pradhan) མཆོག་དང་། ཐེངས་འདིའི་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་རྣམ་པར་ཐུགས་རྗེ་ལེགས་གསོལ་གྱི་མཇལ་དར་དང་བོད་དོན་ཞུ་ཡིག་བཅས་ཕུལ་འདུག
ད་ཐེངས་ཀྱི་ཚོགས་འདུའི་ཐོག་བོད་དང་། ཐའེ་ཝན་གྱི་སྐུ་ཚབ་ཚུད་པའི་རྒྱལ་ཁབ་མ་འདྲ་བ་བརྒྱ་ལྷག་གི་གྲོས་ཚོགས་འཐུས་མི་དང་། གཞུང་འབྲེལ་མིན་པའི་ཚོགས་པ། དེ་བཞིན་མི་མང་གི་སྐུ་ཚབ་མཚོན་པའི་ཚོགས་སྡེའི་སྐུ་ཚབ་དང་སྒེར་པ་སོགས་ཁྱོན་ཚོགས་བཅར་བ་གྲངས་ ༢༠༠༠ ཙམ་མཉམ་ཞུགས་གནང་ཡོད་པ་བཅས།