༄༅། །བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་མཆོག སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ལོ་ ༢༠༢༣ ཟླ་ ༠༩ ཚེས་ ༠༤ ཉིན་ཞོགས་པ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཕེབས་ཐོན་གྱིས་དགོང་མོ་ཆུ་ཚོད་ ༠༨།༣༠ ཙམ་ལ་ཡུ་རོབ་རྒྱལ་ཁབ་ཨེ་སོ་ཊོ་ནེ་ཡའི་ (Estonia) རྒྱལ་ས་ཏཱ་ལིན་ (Tallinn) གནམ་ཐང་དུ་ཕེབས་འབྱོར་བྱུང་བ་དང་། སྐབས་དེར་གནམ་ཐང་དུ་ཨ་རིའི་རྒྱལ་ཡོངས་མང་གཙོ་བསྟི་གནས་ཁང་གི་རྒྱ་གར་སྡེ་ཚན་གྱི་འགན་འཛིན་རི་ཤྲི་ དྷ་ཏཱ་ (Rishi Datta) ལགས་དང་། ལས་བྱེད་དཔལ་ལྡན་ཕུན་ཚོགས་ལགས། དེ་བཞིན་ཨེ་སི་ཊོ་ནེ་ཡར་གནས་སྡོད་དགེ་བཤེས་གྲགས་པ་རྒྱལ་མཚན་ལགས་དང་། ཁོང་གི་ཕྱག་རོགས་བོད་དོན་རྒྱབ་སྐྱོར་བ་བཅས་ནས་སྣེ་ལེན་ཕེབས་བསུ་ཞུས་འདུག
དེ་ཡང་ཕྱི་ཟླ་ ༠༩ ཚེས་ ༠༥ ཉིན་གྱི་ཞོགས་པ་སྤྱི་འཐུས་རྣམ་པ་ཨ་རིའི་རྒྱལ་ཡོངས་མང་གཙོ་བསྟི་གནས་ཁང་གིས་ (SOKOS HOTEL VIRU) ཞེས་པའི་མགྲོན་ཁང་དུ་གོ་སྒྲིག་ཞུས་པའི་བཞུགས་མོལ་ཚོགས་འདུ་ཞིག་གི་ཐོག་མཉམ་ཞུགས་གནང་ཡོད་པ་དང་། ཚོགས་ཐོག་ཏུ་སྤྱི་འཐུས་རྣམ་པས་ཚོགས་བཅར་བ་རྣམས་དང་ལྷན་ཕན་ཚུན་ངོ་སྤྲོད་དང་། དགོངས་ཚུལ་བརྗེ་ལེན་གནང་ཡོད་འདུག
ཉིན་རྒྱབ་ཆུ་ཚོད་ ༠༢།༠༠ ཐོག་དཀྱེལ་ཡངས་སྲིད་གཞུང་གི་མཛའ་འབྲེལ་ལྷན་ཚོགས་ (2023 OGP Global Summit) ཀྱི་ཚོགས་འདུ་དེ་ཉིད་རྒྱལ་ས་ཏཱ་ལིན་ལ་ཡོད་པའི་མི་ལོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ (Riigikogu) ཞེས་པའི་གྲོས་ཚོགས་དཀྱིལ་འཁོར་གྱི་ཚོགས་ཁང་ཞིག་ཏུ་དངོས་སུ་དབུ་འབྱེད་མཛད་སྒོ་བསྐྱངས་ཡོད་ཅིང་། སྐབས་དེའི་དབུ་འབྱེད་མཛད་སྒོར་མཉམ་ཞུགས་གནང་མཁན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྣམ་པ་བཞི་དང་། གཞན་འཛམ་གླིང་རྒྱལ་ཁབ་ཁག་འདྲ་མིན་ནས་ཕེབས་པའི་གྲོས་ཚོགས་འཐུས་མི་དང་། དེ་དག་དང་འབྲེལ་ཆགས་ཡིན་འདུག དབུ་འབྱེད་མཛད་སྒོའི་ཐོག་ཚོགས་འདུ་གོ་སྒྲིག་ཚོགས་ཆུང་ནས་ཚོགས་འདུའི་བྱུང་རིམ་དང་། དམིགས་ཡུལ། དེ་བཞིན་འབྱུང་འགྱུར་གྱི་འཆར་སྣང་སོགས་དང་འབྲེལ་ནས་གསུང་བཤད་གནང་འདུག
དེ་རྗེས་ཚོགས་འདུ་དངོས་སུ་འགོ་འཛུགས་གནང་བ་དང་། ཐོག་མར་དེ་རིང་དཀྱེལ་ཡངས་གྲོས་ཚོགས་ཀྱི་དྲྭ་ཐོག་འབྲེལ་ལམ་ (Open Parliament e-Network) ཞེས་པའི་སྒྲོམ་གཞིའི་འོག་གྲོས་ཚོགས་འཐུས་མིའི་འགན་འཁྲིའི་སྐོར་དང་། གྲོས་ཚོགས་ནང་རུལ་སུངས་འགོག་རྒོལ་གྱི་སྲིད་བྱུས་གཏན་འབེབས་བྱེད་ཕྱོགས་ཞེས་པའི་བརྗོད་གཞི་གཉིས་ཀྱི་ཐོག་ཐའེ་ཝན་དང་། མོའོ་རོ་ཀོ་སོགས་ཀྱི་སྐུ་ཚབ་རྣམས་ནས་གསུང་བཤད་དང་། དྲི་བ་དྲིས་ལན་གནང་ཡོད་ཅིང་། སྐབས་དེར་བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་ནས་བོད་མིའི་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་བོད་ནང་རྒྱ་ནག་དམར་གཞུང་གིས་བོད་པའི་ཕྲུ་གུ་རྣམས་རྒྱའི་བཅའ་སྡོད་སློབ་གྲྭར་བཙན་ཤེད་ཐོག་བཅུག་སྟེ་བོད་མིའི་ངོ་བོ་རྩ་བརླག་ཏུ་གཏོང་རྒྱུའི་ལས་གཞི་བརྩམས་དང་རྩོམ་བཞིན་ཡོད་པའི་གནས་སྟངས་དང་། ཞི་ཅིང་ཕིང་གིས་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གཏོང་གི་ཡོད་ཚུལ་ལ་བསྙད་དེ་ཁོ་རང་དང་ལྟ་བ་མི་མཐུན་པའི་ཆབ་སྲིད་མི་སྣ་རྣམས་ལ་ཉེས་མིང་སྣ་ཚོགས་བཏགས་ཏེ་འཛིན་བཟུང་བཙོན་འཇུག་བྱེད་བཞིན་ཡོད་པ་སོགས་དང་འབྲེལ་ནས་བོད་དོན་སྐོར་ངོ་སྤྲོད་དང་སྦྲགས་དྲི་བ་དྲིས་ལན་གནང་འདུག
གཞན་ཡང་། སྤྱི་འཐུས་རྣམ་པས་ཚོགས་བཅར་བ་ཐའེ་ཝན་དང་ཕྱི་རྒྱལ་ཁག་གི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་ལྷན་ཟུར་དུ་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། བྱེ་བྲག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་སོགས་ངོ་སྤྲོད་གནང་ཡོད་འདུག
ད་ཐེངས་ཀྱི་ཚོགས་འདུའི་ཐོག་བོད་དང་། ཐའེ་ཝན་གྱི་སྐུ་ཚབ་ཚུད་པའི་རྒྱལ་ཁབ་མི་འདྲ་བ་མང་པོ་ཞིག་ནས་གྲོས་ཚོགས་འཐུས་མི་དང་། གཞུང་འབྲེལ་མིན་པའི་ཚོགས་པ། དེ་བཞིན་མི་མང་གི་སྐུ་ཚབ་མཚོན་པའི་ཚོགས་སྡེའི་སྐུ་ཚབ་དང་སྒེར་པ་སོགས་ཁྱོན་ཚོགས་བཅར་བ་གྲངས་ ༢༠༠༠ ལྷག་མཉམ་ཞུགས་གནང་འདུག ཚོགས་འདུ་གྲོལ་མཚམས་བོད་མི་མང་སྤྱི་འཐུས་རྣམ་པ་ཨེ་སོ་ཊོ་ནི་ཡའི་གྲོས་ཚོགས་ཚོགས་ཁང་དུ་གཟིགས་སྐོར་ཕེབས་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ།