ར་ཇ་ས་ཐན་མངའ་སྡེའི་ནང་གི་བོད་དོན་ཞུ་སྐུལ་གྱི་ལས་དོན་ཁག་ཡོངས་སུ་ལེགས་གྲུབ་བྱུང་བ།

རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་རམ་ཅཱ་རཱ་ན་ བྷོ་རཱ་ (Shri Ramcharan Bohra, Member of Lok Sabha (BJP)) མཆོག

༄༅། ། བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་རྣམ་གཉིས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༣ ཟླ་ ༨ པའི་ཚེས་ ༡༢ ནས་འགོ་འཛུགས་ཏེ། རྒྱ་གར་ར་ཇསི་ཐན་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་ཇེ་པུར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ར་ཝཏ་མཐོ་སློབ་ (Rawat Group of Colleges Jaipur) ནས་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་གདན་ཞུས་ལྟར་ཆེད་བཅར་གྱིས་དེ་གའི་དགེ་སློབ་ཕ་མ་ཡོངས་དང་ལྷན་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༧༧ པ་སྲུང་བརྩི་ཞུས་གནང་འདུག

རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྲས་མོ་་དྷི་ཡ་ ཀུ་མ་རི་ (Km. Diya Kumari, Member of Parliament) མཆོག

སྐབས་དེར་དགེ་སློབ་འདུ་འཛོམས་ཐོག་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཐོག་མར་འཚམས་འདྲི་དང་སྦྲགས། འཕགས་བོད་དབར་མི་ལོ་སྟོང་ཕྲག་ལྷག་གི་འབྲེལ་བ་དམ་ཟབ་ཡོད་པའི་སྐོར་དང་། ད་ལྟའི་ཆར་བོད་རྒྱལ་ཁབ་དེ་བཞིན་རྒྱ་དམར་གྱི་བཙན་དབང་དུ་ཡོད་པའི་གནས་བབ། དེ་བཞིན་རྒྱ་གར་གྱི་ཆབ་སྲིད་དང་བདེ་འཇགས་ཐོག་བོད་ཀྱི་གནད་དོན་གྱི་གལ་གནད་སོགས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད་འདུག

གཞན་ཡང་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ནས་བོད་དོན་རྒྱབ་སྐྱོར་བ་དང་། མཐོ་སློབ་ཀྱི་འགན་འཛིན་སྐུ་ཞབས་བྷི་ ཨེ་སི་ ར་ཝ་ཏ་ (Shri B. S. Rawat, Chairman, Rawat Group of College) ལགས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་དང་། དེ་བཞིན་མཐོ་སློབ་ཀྱི་དཔེ་མཛོད་ཁང་ལ་ཨིན་ཡིག་ཐོག་ཡོད་པའི་༧གོང་ས་མཆོག་གི་མཛད་རྣམ་ (ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།) དང་། ཞྭ་སྒབ་པས་བརྩམས་པའི་ (བོད་ཀྱི་སྲིད་དོན་རྒྱལ་རབས།) ཀྱི་ཕྱག་དེབ་རེ་རེ། སློབ་སྤྱི་དང་བོད་དོན་རྒྱབ་སྐྱོར་བ་གཞན་ཁག་ཅིག་ལ་མཇལ་དར་བསྒྲོན་འབུལ་དང་ཆབས་ཅིག བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག

མཛད་སྒོ་གྲུབ་རྗེས། སློབ་གྲྭའི་གསར་འགྱུར་སྡེ་ཚན་གྱི་བཅར་འདྲིར་དང་ལེན་གྱིས་བོད་དོན་དང་འབྲེལ་བའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་བ་དང་། དེ་ནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མིའི་ཕྱག་རོགས་འོག བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ནས་ཇེ་པུར་ལ་ཡོད་པའི་བོད་མིའི་སུད་ཚོང་ཁྲོམ་ས་གསར་པར་གཟིགས་སྐོར་དང་། དེ་གའི་གནས་ཚུལ་ཁག་རྒྱུས་ལོན་གནང་ཡོད།

ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོ་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ནས་རྒྱ་གར་བྷི་ཇེ་པི་སྲིད་དོན་ཚོགས་པ་དང་། དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་རམ་ཅཱ་རཱ་ན་ བྷོ་རཱ་ (Shri Ramcharan Bohra, Member of Lok Sabha (BJP)) མཆོག་དང་ལྷན་མཇལ་འཕྲད་ཀྱིས། བོད་དོན་སྐོར་ངོ་སྤྲོད་དང་སྦྲགས། ར་ཇསི་ཐན་མངའ་སྡེའི་ནང་གི་བོད་མི་སུད་ཚོང་བའི་བདེ་སྡུག་ལ་གཟིགས་སྐྱོང་དང་། རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་པར། གྲོས་ཚོགས་འཐུས་མི་ཁོང་གིས་ཕྱག་ཡིག་ཅིག་གནང་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་འདུག

ཉིན་རྒྱབ་གྱན་ ཝི་ཧར་ (Gyan Vihar Univeristy) གཙུག་ལག་སློབ་གཉེར་ཁང་ནས་གདན་ཞུས་ལྟར། སྤྱི་འཐུས་རྣམ་པ་གཉིས་དེ་གའི་གཙུག་ལག་སློབ་གཉེར་ཁང་ལ་ཆེད་ཕེབས་གནང་ཞིང་། སྐབས་དེར་མཐོ་སློབ་ཀྱི་ཉེ་བའི་རིགས་བདག་འབུམ་རམས་པ་ཨ་རུ་ན་ཅཱལ་ ཧལ་ཌར་ (Dr. Arunachal Haldar, Vice Chancellor) ལགས་དང་། རྒྱལ་སྤྱིའི་འབྲེལ་མཐུད་པ་འབུམ་རམས་པ་ཌིབ་ མ་ཐུར་ (Dr Deep Mathur, Director of Global Outreach) ལགས་རྣམ་གཉིས་ནས་སྣེ་ལེན་ཞུས་རྗེས། དེ་གའི་དགེ་སློབ་ ༤༠༠ ཙམ་ལ་བོད་དོན་སྐོར་ལ་གསུང་བཤད་གནང་ཞིང་། སྐབས་དེར་བོད་མི་མང་སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་གིས་ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པའི་གནས་བ་དང་། ད་ལྟའི་ཆར་བོད་དེ་རྒྱ་ནག་གི་བཙན་པོའི་དབང་བསྒྱུར་འོག་ཏུ་ཡོད་པའི་གནས་སྟངས། དེ་བཞིན་འཛམ་གླིང་གི་ཆབ་སྲིད་འགྱུར་ལྡོག་འོག་རྒྱ་ནག་གི་གནས་བབ་དང། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། བོད་མི་མང་སྤྱིའཐུས་ལྷན་ཚོགས་སྐོར་ངོ་སྤྲོད་སོགས་གནང་འདུག

དེ་རྗེས་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག སྤྱི་འཐུས་རྣམ་པ་གཉིས་ནས་ར་ཇསི་ཐན་མངའ་སྡེའི་དབུས་ཉེན་རྟོག་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ཨུ་མེ་ཤི་ མི་ཤི་རཱ་ (IPS Umesh Mishra, Director General of Police, Rajasthan) ལགས་དང་། ལས་རོགས་ཁག་ཅིག་ལྷན་མཇལ་འཕྲད་ཀྱིས་བོད་དོན་སྐོར་ངོ་སྤྲོད་དང་། དེ་བཞིན་ར་ཇསི་ཐན་མངའ་སྡེའི་ནང་གི་བོད་མི་སུད་ཚོང་བ་རྣམས་ལ་གཟིགས་སྐྱོང་དང་མཐུན་འགྱུར་གང་ཐུབ་གནང་རོགས་ཞུས་གནང་ཡོད་འདུག དེ་ནས་རྒྱ་གར་གསར་ཁང་ (Dainik Bhaskar) གི་སྤྱི་ཁྱབ་རྩོམ་སྒྲིག་པ་མུ་ཀེ་ཤི་ མ་ཐུར་ (Mukesh Mathur, State Editor, Rajasthan) ལགས་དང་མཇལ་འཕྲད་ཀྱིས་ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་དོན་ངོ་སྤྲོད་དང་རྒྱབ་སྐྱོར་ཆེད་རྒྱ་གར་མངའ་སྡེ་ཁག་ནང་བོད་དོན་ཞུ་སྐུལ་ལས་འགུལ་སྤེལ་ཕྱོགས་སྐོར་འགྲེལ་བརྗོད་གནང་ཡོད།

ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་རྣམ་གཉིས་ཇེ་པུར་རྒྱལ་ཁང་ནང་ཆེད་བཅར་གྱིས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྲས་མོ་་དྷི་ཡ་ ཀུ་མ་རི་ (Km. Diya Kumari, Member of Parliament) མཆོག་དང་ལྷན་མཇལ་འཕྲད་གནང་སྟེ། བོད་དོན་སྐོར་ངོ་སྤྲོད་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོའི་མཚན་ཐོག་གི་ཞུ་ཡིག་ཕུལ་བ། དེ་བཞིན་སྲས་མོ་མཆོག་ནི་དུས་རྒྱུན་ནས་བུད་མེད་ཀྱི་ཐོབ་ཐང་དང་བདེ་སྡུག། སྤྱི་ཚོགས་ཞབས་ཞུ་སོགས་ལ་དམིགས་བསམ་ཐུགས་སྣང་ཆེན་པོ་གནང་མཁན་ཞིག་ཡིན་སྟབས། བོད་ཕྱི་ནང་གཉིས་ཀྱི་བུད་མེད་ཀྱི་གནས་སྟངས་སྐོར་ངོ་སྤྲོད་ཀྱང་ཞུས་གནང་འདུག

སྐབས་དེར་སྲས་མོ་མཆོག་ནས་མ་འོངས་པར་གྲོས་ཚོགས་དང་། སྤྱི་ཚོགས་ཀྱི་སྡིངས་ཆའི་ཐོག་བོད་དོན་སྐོར་གླེང་སློང་དང་། རྒྱབ་སྐྱོར་གནང་རྒྱུའི་ངོས་བཞེས་གནང་ཡོད་པ་སོགས་ཐེངས་འདིའི་རྒྱ་གར་ར་ཇ་སི་ཐན་མངའ་སྡེའི་ནང་གི་བོད་དོན་ཞུ་སྐུལ་གྱི་ལས་དོན་ཁག་ལེགས་པར་གྲུབ་སྟེ། ཉིན་རྒྱབ་ཆུ་ཚོད་ ༢།༠༠ ཐོག་སྤྱི་འཐུས་རྣམ་པ་ཇེ་པུར་ནས་གུཇ་རཏ་ (Gujarat) མངའ་སྡེའི་ནང་ཕེབས་ཐོན་གྱིས་མུ་མཐུད་བོད་དོན་ཞུ་སྐུལ་གནང་རྒྱུ་ཡིན་པ་བཅས།