བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་འཆར་གཞིའི་ཡིག་ཆ་བོད་ཨིན་གཉིས་ཀྱི་ནང་དབུ་འབྱེད་དང་སྦྲགས། ཐེངས་འདིའི་ཐབས་བྱུས་དང་བོད་དོན་ཞུ་སྐུལ་ལས་དོན་བྱེད་ཕྱོགས་ཀྱི་ཚོགས་འདུ་མཇུག་བསྒྲིལ་བ། 

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༨ པའི་ཚེས་ ༡༡ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་ཤོག་གསོལ་མགྲོན་ཁང་ (The Ashok Hotel) དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་གཙོས་པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལྷན་འཛོམས་ཐོག་ “ཕྱི་ལོ་ ༢༠༢༣ ནས་ ༢༠༢༦ བར་གྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་འཆར་གཞི།” ཡི་ཡིག་ཆ་བོད་ཨིན་གཉིས་ནང་དབུ་འབྱེད་དང་སྦྲགས། ཕྱི་ཚེས་ ༧ ནས་གོ་སྒྲིག་ཞུས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་དང་བོད་དོན་ཞུ་སྐུལ་ལས་དོན་བྱེད་ཕྱོགས་ཀྱི་ཚོགས་འདུ་དེ་བཞིན་ལེགས་གྲུབ་ངང་མཇུག་བསྒྲིལ་གནང་སོང་།

དེ་ཡང་སྔ་དྲོ་ཐོག་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་འཆར་གཞིའི་ཡིག་ཆ་བོད་ཨིན་གཉིས་ནང་དབུ་འབྱེད་དང་འབྲེལ། དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐབས་བྱུས་འཆར་གཞིའི་གལ་གནད་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་འཆར་གཞི་འདི་ཇི་ལྟར་གཏན་འབེབས་གནང་བའི་བརྒྱུད་རིམ་སྐོར་ངོ་སྤྲོད་སྙིང་བསྡུས་དང་། དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐབས་བྱུས་འཆར་གཞི་འདི་བཞིན་དེ་སྔོན་སྤྱི་འཐུས་ཚང་མར་གློག་འཕྲིན་ (Email) བརྒྱུད་མཁྱེན་རྟོགས་སླད་ཕུལ་ཏེ་དགོངས་ཚུལ་ལེན་ཡོད་པ་དང་།

དེ་རྗེས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་མཐའ་མའི་གཏན་འབེབས་གནང་བའི་སྐོར་དང་། ཡིག་ཆ་འདིའི་ནང་དོན་ཁག་ངོ་སྤྲོད་སྙིང་བསྡུས་ཞུས་རྗེས། བོད་མི་མང་སྤྱི་འཐུས་རྣམ་པ་སྡེ་ཚན་གསུམ་ལ་ཆ་བགོས་ཀྱིས་མ་འོངས་པར་ལས་འཆར་ལག་བསྟར་ཞུ་ཕྱོགས་ཐོག་དགོངས་ཚུལ་དང་། ཚོགས་ཆུང་སོ་སོའི་དགོངས་ཚུལ་ཁག་རེ་རེ་བཞིན་སྙན་སྒྲོན་ཞུས་གནང་སོང་།

ཐབས་བྱུས་འཆར་གཞིའི་ཡིག་ཆ་འདི་གཙོ་བོ་སྡེ་ཚན་ཁག་མི་འདྲ་བར་གསུམ་ལ་དབྱེ་ཞིང་། དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྩ་འཛིན་ལམ་སྟོན་དང་། ཐབས་བྱུས་དམིགས་ཡུལ། ལག་ལེན་འཆར་འགོད་བཅས་ཡིན་པ་དང་། ཡིག་ཆ་འདིའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འབྱུང་འགྱུར་ལོ་བཞིའི་ནང་གི་ཐབས་བྱུས་དམིགས་ཡུལ་གཙོ་བོ་དྲུག་དང་། དམིགས་ཡུལ་དེ་དག་བསྒྲུབ་རྒྱུའི་ལག་ལེན་བསྟར་ཕྱོགས་ཀྱི་ནང་དོན་ཞིབ་ཕྲ་ཁག་གསལ་པོར་བཀོད་གནང་འདུ

གཞན་ཡང་དེ་ཉིན་ (Bharativa Janata Party) བྷི་ཇེ་པི་སྲིད་དོན་ཚོགས་པ་ནས་ཡིན་པ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ར་ཇིན་དྷར་ ཨ་གྷར་ཝལ་ (Shri. Rajendra Agrawal, Lok Sabha) མཆོག་དང་། ཀོང་རེ་སི་ (Indian National Congress) སྲིད་དོན་ཚོགས་པ་ནས་ཡིན་པ་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་འབུམ་རམས་པ་ལྕམ་སྐུ་ཨ་མེ་ ཡ་ཇི་ནིག་ (Dr. Amee Yajnik, Rajya Sabha) མཆོག་རྣམ་གཉིས་ཚོགས་འདུའི་ཐོག་ཆེད་ཕེབས་ཀྱིས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་བོད་མི་མང་སྤྱི་འཐུས་རྣམས་དང་ལྷན་ཕན་ཚུན་བོད་དོན་ཐོག་བཀའ་བསྡུར་ལྷུགས་པོ་གནང་སོང་།

མཐར་མཇུག་བསྡོམས་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་གིས་གསུང་དོན། ད་རེས་ཚོགས་འདུ་འདིའི་ཐོག་གནད་ཡོད་མི་སྣ་མང་པོས་གསུང་བཤད་དང། ཚོགས་བཅར་བ་སྤྱི་འཐུས་རྣམ་པས་གནད་དོན་མང་པོ་ཞིག་གི་ཐོག་གོ་བསྡུར་སྦྱངས་བཤད་བྱས་ཏེ། དགོངས་ཚུལ་གང་བྱུང་བ་རྣམས་མ་འོངས་པར་ལས་དོན་བྱེད་ཕྱོགས་ཀྱི་ལམ་སྟོན་ཞིག་ཆགས་ཀྱི་ཡོད་པ་དང་། དེས་མ་ཟད། ད་རེས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུ་ཇིཏ་ ཀུ་མར་ (Shri Sujeet Kumar, Convenor of All Party Indian Parliamentary Forum for Tibet) མཆོག་གིས་གཙོས་པའི་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་དང་ལྷན་དགོངས་ཚུལ་བརྗེ་ལེན་གྱིས་ང་ཚོའི་སེམས་ཚོར་གང་ཡོད་པ་རྣམས་བཤད་རྒྱུའི་གོ་སྐབས་བྱུང་བ་དེས་ང་ཚོར་དུས་ཐོག་ལན་འབྱོར་མིན་ལ་མ་ལྟོས་པར་ལན་དེ་སླེབས་ས་ཞིག་ལ་ཏན་ཏན་སླེབས་ཡོད་རེད་བསམ་གྱི་འདུག་ཅེས་དང་། ཚོགས་འདུ་ཚོགས་པའི་སྐབས་སྤྱི་འཐུས་ཚང་མས་སོ་སོའི་ནུས་པ་གང་ཡོད་སྤུངས་ཏེ། ཚོགས་ཆུང་སོ་སོའི་དགོངས་ཚུལ་གྱི་སྙན་ཐོ་གནང་ཡོད་རེད།

དེ་ཡིན་དུས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མ་འོངས་པར་ཚོགས་འདུ་འདི་འདྲ་བ་ཞིག་འཚོགས་དགོས་ཚེ། ང་ཚོ་ཚང་མ་འཐབ་རྩོད་བྱེད་མཁན་གྱི་གྲོས་ཚོགས་འཐུས་མི་ཞིག་ཡིན་པའི་ཆ་ནས་ང་ཚོའི་གནང་སྒོ་ཁག་ལ་ཡར་རྒྱས་གཏོང་དགོས་པའི་ཆ་ཡོད་པ་ཡིན་ན། སོ་སོའི་ངོས་ནས་བསམ་བློ་གཏོང་དགོས་པའི་གནས་བབ་ཅིག་ཆགས་ཀྱི་རེད་ཅེས་ཞུ་རྒྱུ་དང་། ཚོགས་གཙོ་སྦྲེལ་པོའི་ངོས་ནས་ད་རེས་ཀྱི་ཚོགས་འདུ་འདི་ཐོག་མར་བསམ་བློ་བཏང་བ་ལས་ལྷག་པ་ཞིག་བྱུང་སོང་བསམ་པའི་གོ་བསྡུར་བྱུང་སོང་ལ། རྣམ་པ་ཚོ་ལའང་དེ་ལྟར་བྱུང་བའི་རེེ་བ་བྱེད་ཀྱི་ཡོད། ཡིན་ནའང་། ང་ཚོའི་ལས་དོན་གཙོ་བོ་དེ་ད་ལྟ་ལྷག་བསྡད་ཡོད་རེད། འབྱུང་འགྱུར་ལས་འཆར་དེ་དག་བང་བསྒྲིག་ཡོང་དུས། རྣམ་པ་ཚོའི་ངོས་ནས་ཚ་ཚ་འུར་འུར་གྱིས་འགན་བཞེས་ཏེ་ལས་དོན་དེ་དག་ནང་མཉམ་ཞུགས་བྱ་རྒྱུར་ཚོགས་གཙོ་སྦྲེལ་པོའི་ངོས་ནས་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་རྗེས། ཐེངས་འདིའི་ཉིན་གྲངས་ལྔའི་རིང་གི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་དང་ཞུ་སྐུལ་ལས་དོན་བྱེད་ཕྱོགས་ཀྱི་ཚོགས་འདུ་དེ་བཞིན་ལེགས་གྲུབ་གྱིས་མཇུག་བསྒྲིལ་གནང་སོང་།

གཞི་རྩའི་ཉིན་གྲངས་ལྔའི་རིང་གི་ཚོགས་འདུ་འདིའི་ཐོག་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུ་ཇིཏ་ ཀུ་མར་ (Shri Sujeet Kumar, Convenor of All Party Indian Parliamentary Forum for Tibet) མཆོག་དང་། རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨེ་ ཌི་ སིངྒ་ (Shri. A.D. Singh, Member of Rajya Sabha) མཆོག རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨ་ནིལ་ ཧེ་ཌི་ཇི་ (Shri Aneel Hedge, Rajya Sabha MP) མཆོག་དང་། རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨ་ཤོག་ བྷ་ཇ་པཡེ་ (Dr. Ashok Bajpai, Rajya Sabha MP) མཆོག རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ར་ཇིན་དྷར་ ཨ་གྷར་ཝལ་ (Shri. Rajendra Agrawal, Lok Sabha) མཆོག་དང་། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨ་མེ་ ཡ་ཇི་ནིག་ (Dr. Amee Yajnik, Rajya Sabha) མཆོག་བཅས་རྒྱ་གར་བྷི་ཇེ་པི་དང་། ཀོང་རེ་སི་སོགས་སྲིད་དོན་ཚོགས་པ་མི་འདྲ་བ་ལྔའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་དང་ལྷན་བོད་དོན་སྐོར་དགོངས་ཚུལ་བརྗེ་ལེན་གྱི་ལས་རིམ་བསྐྱངས་པ་དང་།

དེ་བཞིན་ལྡི་ལིར་རྟེན་གཞི་བྱས་པའི་འཚེ་མེད་ཞི་བའི་ཐབས་ལམ་བསྟི་གནས་ཁང་ (Foundation For Non-Violent Alternative) གི་དགེ་རྩའི་མ་དངུལ་དོ་དམ་པ་སྐུ་ཞབས་ཨོ་པི་ཊན་ཌོན་ (O.P Tandon) ལགས་དང་། ལྕམ་སྐུ་རེ་བྷོན་ བྷེ་ནར་ཇི་ དྷར་ (Rebon Banerjee Dhar) ལགས་རྣམ་གཉིས་ནས་ “རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ།” ཅེས་པའི་སྙན་ཐོའི་ཐོག་གསུང་བཤད་དང་། དྲི་བ་དྲིས་ལན། ལྡི་ལིར་རྟེན་གཞི་བྱས་པའི་མཁས་པའི་བསྟི་གནས་ཁང་ (Observer Research Foundation) ཞེས་པའི་འབུམ་རམས་པ་སྐུ་ཞབས་མ་ནོ་ཇི་ ཇོ་ཤི་ (Dr Manoj Joshi) ལགས་ཀྱིས་ “ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་གཞུང་གིས་བོད་ཐོག་བཏོན་པའི་རྒྱབ་ཤ་དཀར་པོའི་དེབ་དང་འབྲེལ། རྒྱ་གར་གྱིས་རྒྱ་ནག་ལ་འཛིན་པའི་ཐབས་བྱུས་ལ་ཤུགས་རྐྱེན།”ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་དྲིས་ལན། འཛམ་གླིང་ཆུའི་ལྷན་ཚོགས་ཀྱི་ཚོགས་གཙོ་འབུམ་རམས་པ་ཨར་ཝིན་ཌ་ ཀུ་མར་ (Dr. Arvind Kumar, President of India Water Foundation& Governor at the World Water Council) ལགས་ཀྱིས་ “གནམ་གཤིས་འགྱུར་ལྡོག་གིས་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ནང་ཉེན་ཚབས།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་དྲིས་ལན། རྒྱ་གར་ཧིན་དྷུ་གསར་ཤོག་གི་རྩོམ་སྒྲིག་པ་ལྕམ་སྐུ་སུ་ཧ་སི་ནི་ ཧེ་དར་ (Suhasini Haider) ལགས་ཀྱིས་ “རྒྱ་གར་གྱི་ཕྱི་འབྲེལ་སྲིད་བྱུས་ལ་བལྟ་ཞིབ་དང་འབྲེལ། རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་དྲིས་ལན། རྒྱ་གར་གཞུང་གི་ཕྱི་སྲིད་ལསཁུངས་ཀྱི་དྲུང་ཆེ་ཟུར་པ་དང་། རྡུལ་ཕྲན་མཚོན་ཆའི་གནད་དོན་དང་། གནམ་གཤིས་འགྱུར་ལྡོག་ཐོག་རྒྱ་གར་སྲིད་བློན་ཟུར་པའི་དམིགས་བསལ་སྐུ་ཚབ་གནང་མྱོང་མཁན་སྐུ་ཞབས་ཤཱ་ཡམ་ སཱ་རན་ (Shyam Saran, former Foreign Secretary of India and Prime Minister’s Special Envoy For Nuclear Affairs and Climate Change) མཆོག་གིས་ “རྒྱ་དཀར་ནག་དབར་གྱི་འབྲེལ་ལམ།” ཞེས་པའི་བརྗོད་གཞིའི་ཐོག་ལ་གསུང་བཤད་དང་། དྲི་བ་དྲིས་ལན་བཅས་ཀྱི་ལས་རིམ། རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་མི་ཊི་ཀ་ (Mittika) ཞེས་པའི་ཚོགས་པའི་ངེས་སྟོན་པ་ལྕམ་སྐུ་ཌུར་བྷ་ གྷོ་སེ་ (Dhurba Ghose, Co-Founder and Director of Mittika Enriching Lifespan) ལགས་དང་། ལྕམ་སྐུ་ཇཱ་ཡཱ་ ཨ་ཡེར་ (Jaya Iyer, Mittika Enriching Lifespan) ལགས་རྣམ་གཉིས་ནས་སེམས་ཚོར་འདུ་ཤེས་འཁྱེར་སྟངས་ཀྱི་རིག་རྩལ་དང་། རང་ནུས་གོང་སྤེལ་གཏོང་ཕྱོགས། རྩོད་རྙོག་འདུམ་འགྲིག་གནང་ཕྱོགས་ཐོག་སྦྱོང་བརྡར་གནང་ཡོད་པ་བཅས། །


<