བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་ར་ཇསི་ཐན་དང་། གུཇ་རཏ་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་མངའ་སྡེ་ཁག་ནང་མངའ་སྡེ་སོ་སོའི་སྲིད་སྐྱོང་དང་། གྲོས་ཚོགས་ཀྱི་ཚོགས་གཙོ། སྤྱི་ཁྱབ་བློན་ཆེན། དབུས་དང་མངའ་སྡེའི་བློན་ཆེན་ཁག གྲོས་ཚོགས་འཐུས་མི་རྣམ་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག རྒྱ་གར་མང་ཚོགས་བཅས་ལ་བོད་ཀྱི་དངོས་ཡོད་གནས་སྟངས་ངོ་སྤྲོད་དང་། བོད་དོན་ཞུ་སྐུལ་གནང་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་རྣམ་གཉིས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༡༢ ནས་ ༢༥ བར་རྒྱ་གར་ར་ཇསི་ཐན་མངའ་སྡེ་ (Rajasthan) དང་། གུཇ་རཏ་ (Gujarat) མངའ་སྡེ་བཅས་གཉིས་ཀྱི་ནང་བོད་དོན་ཞུ་སྐུལ་གནང་རྒྱུའི་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་ཕྱི་ཚེས་ ༡༢ ཉིན་ར་ཇསི་ཐན་མངའ་སྡེའི་གྲོང་ཁྱེར་ཇེ་པུར་ (Jaipur) ཕེབས་འབྱོར་གྱིས་ཕྱི་ཚེས་ ༡༧ བར་ས་གནས་སུ་ལས་རིམ། ཕྱི་ཚེས་ ༡༨ ནས་ ༢༤ བར་གུཇ་རཏ་མངའ་སྡེའི་ནང་ལས་རིམ། ཕྱི་ཚེས་ ༢༥ ཉིན་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །