བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་དང་བོད་དོན་ཞུ་སྐུལ་གྱི་ལས་དོན་བྱེད་ཕྱོགས་ཀྱི་ཚོགས་འདུ་དབུ་འཛུགས་གནང་བ།


༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༨ པའི་ཚེས་ ༧ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་ཤོག་གསོལ་མགྲོན་ཁང་དུ་བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་ཉིན་གྲངས་ལྔའི་རིང་གོ་སྒྲིག་ཞུས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་དང་བོད་དོན་ཞུ་སྐུལ་གྱི་ལས་དོན་བྱེད་ཕྱོགས་ཀྱི་ཚོགས་འདུ་དབུ་འཛུགས་གནང་སོང་།


ཐེངས་འདིའི་ཚོགས་འདུའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་གཙོས་པའི་བོད་མི་མང་སྤྱི་འཐུས་རྣམ་པ་མཉམ་ཞུགས་གནང་ཡོད།

དེ་ཡང་སྔ་དྲོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་འཚམས་འདྲི་དང་སྦྲགས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་གནང་དོན། དེ་སྔོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༩ པའི་ནང་ཧར་ཡ་ན་མངའ་སྡེར་ཐབས་བྱུས་ཚོགས་འདུ་ཐེངས་དང་པོ་དེ་ཚོགས་པ་དང་། དེའི་སྐབས་གཙོ་བོ་རྒྱལ་སྤྱིའི་ནང་འབྲེལ་ལམ་གནང་ཕྱོགས་དང་། གནས་ཡུལ་རྒྱ་གར་གཙོས་ཨེ་ཤ་ཡའི་ནང་བོད་དོན་དང་འབྲེལ་བའི་ཐོག་འབྲེལ་ལམ་བྱེད་ཕྱོགས་ཀྱི་ནང་དོན་གཙོ་བོར་བྱས་ནས་ཐབས་བྱུས་ཚོགས་འདུ་ཞིག་དང་། དེ་ནས་བཞུགས་སྒར་རྡ་སར་ཐབས་བྱུས་ཚོགས་འདུ་ཐེངས་གཉིས་པ་དེ་འཚོགས་སྐབས་བོད་ཀྱི་ལོ་རྒྱུས་དང་། བོད་ནང་གི་གནས་སྟངས་གཙོ་བོར་བྱས་ཡོད་རེད།

ད་རེས་རྒྱལ་ས་ལྡི་ལིར་གཙོ་བོ་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཙོས་པའི་གྲོས་ཚོགས་འཐུས་མི་རྣམས་དང་ལྷན་ཕན་ཚུན་བསམ་ཚུལ་བརྗེ་རེས་ཀྱི་ལས་རིམ་དང་། དེ་ཡང་གནད་དོན་གཙོ་བོ་རྒྱ་ནག་གི་ཆབ་སྲིད་ཀྱི་གནས་སྟངས་དང་འབྲེལ་བོད་དོན་སྐོར་དང་། རྒྱ་ནག་གི་ཆབ་སྲིད་འགྱུར་འགྲོས་ཀྱིས་རྒྱལ་སྤྱིའི་ནང་ཆབ་སྲིད་ཀྱི་གནས་བབ། རྒྱལ་སྤྱིའི་ནང་རྒྱ་ནག་ཐོག་ལ་སྲིད་བྱུས་འཛིན་ཕྱོགས། འཛམ་གླིང་རྒྱལ་ཁབ་ཁག་གིས་བོད་དོན་ཐོག་སྲིད་བྱུས་འཛིན་སྟངས། བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་དང་། ད་ལྟའི་ཆར་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཐོག་དོན་ཕན་ལྡན་པ་ཡོང་ཐབས་སུ་གང་འདྲ་བྱེད་དགོས་ཀྱི་ཡོད་པ། བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་ལ་ལེགས་ཉེས་གང་བྱུང་ཡང་རྒྱ་གར་ལ་དེའི་བཟང་ངན་གྱི་ཤུགས་རྐྱེན་ཞིག་རང་བཞིན་གྱི་ཡོང་སྡོད་དུས། བོད་དེ་རྒྱ་གར་ལའང་གལ་ཆེན་པོ་ཇི་ལྟར་ཆགས་ཀྱི་ཡོད་པའི་སྐོར། རྒྱལ་སྤྱིའི་ནང་གཞུང་དང་གྲོས་ཚོགས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་བོད་དོན་སྐོར་གོ་རྟོགས་ཡོང་ཆེད་ཞུ་སྐུལ་ལས་དོན་གང་འདྲ་ཞུ་དགོས་ཀྱི་ཡོད་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་། ལྷག་པར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་མང་གཙོའི་ལྟ་གྲུབ་གཞིར་བཟུང་ལས་དོན་ཚགས་ཚུད་དུ་གང་འདྲ་གཏོང་དགོས་ཀྱི་ཡོད་པ། སྤྱི་འཐུས་སོ་སོས་ལས་འགན་སྒྲུབ་ཕྱོགས་ཀྱི་ནུས་པ་ཡར་རྒྱས་གང་འདྲ་གཏོང་དགོས་ཀྱི་ཡོད་པ་སོགས་དང་འབྲེལ་བའི་ཉིན་གྲངས་ལྔའི་རིང་ཚོགས་འདུ་འཚོགས་རྒྱུ་ཡིན་པ་དང་། གནད་དོན་དེ་དག་ཐོག་ཚང་མས་དགོངས་ཚུལ་གང་མང་གསུང་གནང་ཡོང་བ་དང་། དེ་བཞིན་ཉིན་ལྔའི་རིང་གི་ཚོགས་འདུ་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་གནང་སོང་།

དེ་རྗེས། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུ་ཇིཏ་ ཀུ་མར་ (Shri Sujeet Kumar, Convenor of All Party Indian Parliamentary Forum for Tibet) མཆོག་དང་། དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་པའི་ཚོགས་བཅར་བ་བོད་མི་མང་སྤྱི་འཐུས་རྣམ་པའི་དབར་དགོངས་ཚུལ་བརྗེ་ལེན་གྱི་ལས་རིམ་བསྐྱངས་པའི་ཐོག སྐུ་ཞབས་སུ་ཇིཏ་ ཀུ་མར་མཆོག་གིས་རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་སྐོར་དང་། རྒྱ་གར་གྲོས་ཚོགས་ནང་བོད་དོན་གླེང་སློང་གང་མང་ཡོང་ཐབས།

ད་ལྟའི་རྒྱ་གར་དང་རྒྱ་ནག་དབར་གྱི་འབྲེལ་ལམ་གནང་ཕྱོགས། བོད་ཀྱི་གནད་དོན་འཁོད་པའི་གལ་ཆེའི་ཡིག་ཆ་ཁག་རྒྱ་གར་གྱི་སྐད་ཡིག་གང་མང་ནང་བསྒྱུར་ཏེ་གྲོས་ཚོགས་འཐུས་མི་རྣམས་ལ་འབུལ་དགོས་པ་གལ་ཆེན་པོ་ཡིན་པ། སྤྱི་ཚོགས་དྲྭ་རྒྱའི་གལ་གནད། རྒྱ་གར་ནང་བོད་དོན་ཞུ་སྐུལ་གོང་མཐོར་གནང་ཕྱོགས་སོགས་ཀྱི་ཐོག་དགོངས་ཚུལ་གསུངས་གནང་སོང་།


གཞན་ཡང་ཉིན་དང་པོའི་ཚོགས་འདུའི་ཐོག་ལྡི་ལིར་རྟེན་གཞི་བྱས་པའི་འཚེ་མེད་ཞི་བའི་ཐབས་ལམ་བསྟི་གནས་ཁང་ (Foundation For Non-Violent Alternative) གི་དགེ་རྩའི་མ་དངུལ་དོ་དམ་པ་སྐུ་ཞབས་ཨོ་པི་ཊན་ཌོན་ (O.P Tandon) ལགས་དང་། ལྕམ་སྐུ་རེ་བྷོན་ བྷེ་ནར་ཇི་ དྷར་ (Rebon Banerjee Dhar) ལགས་རྣམ་གཉིས་ནས་ “རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ།” ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་དྲིས་ལན།

དེ་བཞིན་ལྡི་ལིར་རྟེན་གཞི་བྱས་པའི་མཁས་པའི་བསྟི་གནས་ཁང་ (Observer Research Foundation) ཞེས་པའི་འབུམ་རམས་པ་སྐུ་ཞབས་མ་ནོ་ཇི་ ཇོ་ཤི་ (Dr Manoj Joshi) ལགས་ཀྱིས་ “ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་གཞུང་གིས་བོད་ཐོག་བཏོན་པའི་རྒྱབ་ཤ་དཀར་པོའི་དེབ་དང་འབྲེལ། རྒྱ་གར་གྱིས་རྒྱ་ནག་ལ་འཛིན་པའི་ཐབས་བྱུས་ལ་ཤུགས་རྐྱེན།”ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་དྲིས་ལན་གྱི་ལས་རིམ་བསྐྱངས་གནང་སོང་།


ད་རེས་བསྐོང་ཚོགས་གནང་བའི་ཚོགས་འདུ་དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་ཐབས་བྱུས་ཚོགས་འདུ་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་ཅིང་། དེ་ཡང་ཕྱི་ལོ་ ༢༠༢༢ ཟླ་ ༩ པ་དང་། ༡༡ པའི་ནང་ཧར་ཡ་ན་དང་། བཞུགས་སྒར་རྡ་ས་བཅས་ལ་ཐབས་བྱུས་ཚོགས་འདུ་ཐེངས་དང་པོ་དང་། གཉིས་པ་བསྐོང་ཚོགས་གནང་ཡོད་པ་བཅས། །