བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་གཞོན་སྐྱེས་ནུས་སྟོབས་གོང་འཕེལ་གྱི་ཟབ་སྦྱོང་དངོས་སུ་དབུ་འཛུགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༧ པའི་ཚེས་ ༢༤ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་འོག རྡ་སའི་ཉེ་འཁྲིས་སུ་རྟེན་གཞི་བྱས་པའི་ཨིམ་པེ་རི་ཡལ་ (Imperial Hotel) གསོལ་མགྲོན་ཁང་དུ་གཞོན་སྐྱེས་ནུས་སྟོབས་གོང་འཕེལ་གྱི་ཟབ་སྦྱོང་དངོས་སུ་དབུ་འཛུགས་གནང་སོང་།

ཐེངས་འདིའི་ཟབ་སྦྱོང་ནང་ཝ་ར་ཎ་སི་གཙུག་ལག་སློབ་གཉེར་ཁང་དང་། སྦེང་ལོར་ཏཱ་ལའི་བླ་མའི་མཐོ་སློབ་དང་གཞན་མཐོ་སློབ་ཁག་ཅིག ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་། ལྡི་ལི་མཐོ་སློབ་བཅས་ནས་གཞོན་སྐྱེས་གྲངས་ ༢༣ མཉམ་ཞུགས་གནང་འདུག


དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༤༠ ཙམ་གྱི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དབུ་བཞུགས་ཐོག་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་ཤིང་། སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་སྦྲགས་གསུང་དོན། རྩ་བའི་ང་ཚོས་ཕྱི་ནང་གི་གནད་ཡོད་མི་སྣ་དེ་འདྲ་ཐུག་འཕྲད་གནང་བའི་སྐབས། མ་འོངས་པར་ལས་དོན་མཇུག་སྐྱོང་གནང་རྒྱུའམ་མི་རབས་ནས་མི་རབས་བར་འགྲོ་ཐུབ་རྒྱུའི་ལས་འཆར་འདྲ་པོ་གང་ཡོད་ཅེས་དྲི་བ་ཡང་ཡང་སླེབས་ཀྱི་འདུག ང་ཚོའི་འཐབ་རྩོད་དེ་བཞིན་མི་རབས་ནས་མི་རབས་བརྒྱུད་དགོས་པར་བརྟེན། ང་ཚོའི་ཆབ་སྲིད་ཀྱི་འཐབ་རྩོད་ཡིན་ནའང་འདྲ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག།ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་རྣམས་རྒྱུན་འཛིན་ཆེད་མི་རབས་གཅིག་གིས་གཅིག་ལ་རྩིས་སྤྲོད་དགོས་ཀྱི་ཡོད། རྩིས་སྤྲོད་ཟེར་དུས་དེ་ཚོའི་ཐོག་གོ་རྟོགས་སྤེལ་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་ཆགས་བསྡད་ཀྱི་ཡོད་རེད། དེ་མ་གཏོགས་མི་རིགས་གཞན་ཞིག་གི་ང་ཚོའི་ཚབ་བྱེད་ཐུབ་ཐབས་བྲལ་བ་རེད། དེ་ཡིན་དུས། ང་ཚོ་བོད་པ་རང་གི་ཐོག་ནས་བོད་ཀྱི་རྩ་དོན་ཐོག་ལ་གང་བྱ་རྒྱུ་འདུག བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སྲུང་སྐྱོབ་ཐོག་གང་བྱ་རྒྱུ་འདུག དེ་བཞིན་དེང་སང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནས་སྟངས་དང་འཚམས་པའི་ཐོག དེང་དུས་ཀྱི་ཤེས་ཡོན་ཐོག་ནས་ང་ཚོའི་སྤྱི་ཚོགས་དང་། སྤྱི་ཚོགས་གཞན་ལ་ཞབས་ཕྱི་ཞུ་རྒྱུ་གང་འདུག དེ་ཚོའི་ཐོག་གོ་རྟོགས་དགོས་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། ང་ཚོ་ཆོས་ཕྱོགས་ནས་བསམ་བློ་བཏང་བ་ཡིན་ན། དང་པོ་ཐོས་པ་དང་། དེ་ནས་བསམ་པ། སྒོམ་པ་བཅས་ཐོས་བསམ་སྒོམ་གསུམ་ཞེས་འགྲོ་དགོས་ཀྱི་ཡོད་རེད། ཐོས་པ་ཟེར་དུས། སློབ་སྦྱོང་བྱེད་དགོས་པ་དང་གོ་དགོས་པ། བསམ་པ་ཟེར་དུས་སོ་སོས་སློབ་སྦྱོང་བྱས་པའམ་ཐོས་པ་དེར་ཞིབ་འཇུག་བྱེད་དགོས་པ། དེའི་ཐོག་ལ་སོ་སོས་རྒྱུ་མཚན་གྱི་ཐོག་ནས་ཐག་ཆོད་པ་འདྲ་པོ་བྱུང་ན། དེའི་ཐོག་ནས་སྒོམ་པ་ཟེར་དུས་མྱོང་བ་དེར་གོང་འཕེལ་གཏོང་དགོས་པ། སློབ་སྦྱོང་གང་བྱས་པ་ཡིན་ནའང་དེ་འདྲའི་གོ་རིམ་འགྲོ་དགོས་པ་རེད། གནད་དོན་གང་ཡིན་ནའང་དེའི་ཐོག་ཐོག་མར་སློབ་སྦྱོང་བྱེད་དགོས་པ་དང་། དེའི་ཐོག་ལ་ཉམས་མྱོང་གང་བསགས་པའི་ཐོག་བསམ་ཞིབ་བྱེད་དགོས་པ། དེའི་ཐོག་གྲུབ་འབྲས་འདྲ་པོ་བྱུང་བ་ཡིན་ན། སྤྱི་ཚོགས་ལ་མིག་དཔེ་སྟོན་ཐུབ་པ་ཡོང་གི་འདུག དེ་འདྲའི་རྒྱུ་མཚན་ཐོག་ནས་ད་རེས་གཞོན་སྐྱེས་ནུས་སྟོབས་གོང་འཕེལ་གྱི་ཟབ་སྦྱོང་གོ་སྒྲིག་ཞུས་པ་དང་།

དེ་བཞིན་བསམ་བློ་གཅིག་གཏོང་ས་དེ། བོད་ནང་གི་གནས་སྟངས་ཆགས་བསྡད་ཀྱི་ཡོད་རེད། རྒྱ་དམར་གཞུང་གིས་སྲིད་བྱུས་འཛིན་སྟངས་ཐོག་ནས་བོད་ནང་གི་ཆོས་དད་རང་དབང་དང་། ཁོར་ཡུག་གི་གནས་བབ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཅས་ཀྱི་ཐོག་དོ་སྣང་གནང་རྒྱུ་དང་། གོ་རྟོགས་སྤེལ་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་ཆགས་བསྡད་ཀྱི་ཡོད་རེད། ང་ཚོ་ཆབ་སྲིད་ཀྱི་འཐབ་རྩོད་པ་ཞིག་ཡིན་པའི་ཆ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་ཀྱི་འཐབ་རྩོད་ཐོག་གཟིགས་ཚུལ་དང་དོ་སྣང་གནང་ཕྱོགས་གང་ཡོད་པ། དེའི་ཐོག་ནས་རྒྱབ་སྐྱོར་ཚད་དང་ལྡན་པ་ཡོང་རྒྱུའི་ཐོག་གོ་རྟོགས་སྤེལ་རྒྱུ། དེ་བཞིན་སྤྱི་ཚོགས་གཞན་གྱི་ནང་གཞོན་སྐྱེས་ཀྱི་གྲོས་ཚོགས་ (Youth Parliament) ཟེར་བ་དེ་འདྲ་ཡོད་རེད། དེ་འདྲའི་ལས་རིམ་གྱི་ཐོག་ནས་གྲོས་ཚོགས་ཀྱི་འགྲོ་ལུགས་མཁྱེན་ཐུབ་པ། དེ་དང་འབྲེལ་བའི་ལུང་པ་གང་ཡིན་ནའང་དེའི་སྤྱི་ཚོགས་ཀྱི་གནས་སྟངས་རྒྱུས་ལོན་ཐུབ་ཆེད་གོ་སྒྲིག་ཞུས་བསྡད་ཀྱི་ཡོད། དེ་གཞུང་འབྲེལ་མིན་པའི་ཚོགས་པའི་ངོ་བོར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། དེར་རྩ་བའི་ཁྲིམས་ཀྱི་ནུས་པ་གང་ཡང་ཡོད་མ་རེད། ཡིན་ནའང་། དེ་ནི་གྲོས་ཚོགས་ནང་བསླེབ་རྒྱུའི་སྐས་འཛེགས་ཀྱི་རིམ་པ་དང་པོ་འདྲ་པོ་ཆགས་ཀྱི་འདུག སྔོན་མ་ཡུ་རོབ་ནང་བོད་ཀྱི་གཞོན་སྐྱེས་གྲོས་ཚོགས་ཟེར་བའི་ལས་རིམ་དེ་འདྲ་གོ་སྒྲིག་ཞུས་ཡོད་རེད། གྲོས་ཚོགས་ཀྱི་ངོ་བོ་མཁྱེན་རྟོགས་ཡོང་རྒྱུ་དང་། མ་འོངས་པར་གཞོན་སྐྱེས་རྣམས་སྤྱི་འཐུས་ལྷན་ཚོགས་ནང་སླེབས་པ་ཡིན་ན། དེའི་སྐབས་གྲོས་ཚོགས་ཀྱི་ངོ་བོ་མཁྱེན་རྟོགས་ཟིན་པ་དང་། ལས་ཀ་གང་བྱས་པ་ཡིན་ནའང་ཐུགས་ཕན་གསོ་ཡི་རེད། མ་འོངས་པར་དེ་ཚོའི་ཐོག་ང་ཚོས་གོམས་པ་སྤོས་ཐུབ་ན་ཏན་ཏན་ཐུགས་ཕན་གསོ་ཡི་རེད་བསམ་གྱི་འདུག


ད་ལྟའི་ཆར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ ༨༩ ལ་ཕེབས་ཀྱི་ཡོད་རེད། ད་ལྟ་བར་དུ་༧སྐྱབས་མགོན་རིན་པོ་ཆེའི་མཚན་གནས་རྗེས་འབྲེལ་དང་། ཐུགས་རྗེའི་བྱིན་རླབས། དེ་འདྲའི་ནུས་པའི་ཐོག་ནས་ང་ཚོ་བོད་པ་ནང་ཁུལ་ཡིན་ནའང་འདྲ། རྒྱལ་སྤྱིའི་སྤྱི་ཚོགས་ནང་ཡིན་ནའང་འདྲ། ༧སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེའི་བཀའ་དྲིན་དང་། ནུས་པ་རང་ལ་བརྟེན་ནས་འཚོ་བསྡད་པའི་གནས་སྟངས་ཆགས་བསྡད་ཡོད་རེད། མ་འོངས་པར་ཡང་དེ་ལྟར་ཆགས་ཀྱི་རེད། ཡིན་ནའང་། ༧སྐྱབས་མགོན་རིན་པོ་ཆེ་སྔོན་མ་ལྟར་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཆིབས་བསྒྱུར་བསྐྱང་རྒྱུ་དང་། ང་ཚོའི་སྤྱི་ཚོགས་ཀྱི་དགོན་སྡེ་ཁག་དང་། གཞིས་ཆགས་ནང་ལ་ཆིབས་བསྒྱུར་བསྐྱང་རྒྱུ། དུས་རྒྱུན་དུ་ལེགས་སྤེལ་ཉེས་འགོག་གི་བཀའ་སློབ་ཡང་ཡང་གནང་རྒྱུ་བཅས་ཡོང་གི་ཡོད་མ་རེད། དེ་ཡིན་དུས། ང་ཚོའི་ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཡིན་ནའང་འདྲ། ང་ཚོའི་སྤྱི་ཚོགས་ནང་ནུས་པ་ཤུགས་ཆེ་རུ་གཏོང་དགོས་པའི་དུས་ཚོད་ཆགས་བསྡད་ཀྱི་ཡོད་རེད། དེ་ཡང་མི་གཅིག་གི་ནུས་པ་ཡིན་ནའང་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། ང་ཚོར་དམིགས་དཔེ་བལྟ་ས་ཧ་ཅང་མང་པོ་ཡོད་རེད། དཔེར་ན། ལྷོ་ཨ་ཕི་རི་ཀའི་ནེལ་སོ་མན་ཌེ་ལཱ་ (Nelson Mandela) དང་། རྒྱ་གར་གྱི་མེས་པོ་དམ་པ་གྷན་དི། (Gandhi) ཨ་རིའི་མི་རིགས་ནག་པོའི་འཐབ་རྩོད་པ་མར་ཊིན་ ལུ་ཐར་ཀིང་ (Martin Luther King Jr) ལྟ་བུ་མི་གཅིག་གིས་སོ་སོའི་རྣམ་དཔྱོད་བེད་སྤྱད་ནས་སྤྱི་ཚོགས་ཁྱོན་ཡོངས་སྣེ་ཁྲིད་ཐུབ་པ་ཙམ་མ་ཟད། འཛམ་གླིང་ཁྱོན་ཡོངས་ཀྱིས་བརྩི་བཀུར་ཞུ་ཡུལ་དུ་ཆགས་བསྡད་ཡོད་རེད། དེ་ཡིན་དུས་ང་ཚོ་སྒེར་སོ་སོར་སྤོབས་པ་དང་། སེམས་ཤུགས་ཡོད་པའི་ཐོག་ནས་ནུས་པ་ཤུགས་ཆེ་རུ་གཏོང་དགོས་པ་དང་། ང་ཚོ་འདིར་འཛོམས་ནས་གོ་རྟོགས་གང་བྱུང་བ་རྣམས་སོ་སོ་བཞུགས་ཡུལ་སྤྱི་ཚོགས་དེའི་ནང་གི་ནུས་པ་གོང་མཐོར་གཏོང་རྒྱུ་དང་། སྤྱི་ཚོགས་སྣེ་ཁྲིད་ཐུབ་པའི་སེམས་ཤུགས་ཡོད་པ་ཡིན་ན། ང་ཚོར་ཧ་ཅང་གི་ཕན་ཐོགས་ཆེན་པོ་ཡོད་རེད།


ཕྱི་རྒྱལ་ཁག་ནང་བོད་ཀྱི་སྐད་ཡིག་གཟའ་མཇུག་སློབ་གྲྭ་སོགས་འཛུགས་ནས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་སོགས་སློབ་ཁྲིད་དང་། དེའི་ཐོག་གཞོན་སྐྱེས་རྣམ་པས་དོ་སྣང་ཤུགས་ཆེན་པོ་ཞིག་ཡོང་གི་འདུག ཡིན་ནའང་ཁོང་རྣམས་བཞུགས་ཡུལ་གྱི་ཆ་ནས་རྒྱ་གར་ནང་དུས་ཚོད་མང་པོ་གཏོང་ཐུབ་ཀྱི་ཡོད་མ་རེད། རྒྱ་བལ་འབྲུག་གསུམ་ནང་ཡོད་མཁན་གཞོན་སྐྱེས་རྣམས་དམིགས་བསལ་གྱིས་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། གང་ཡིན་ཟེར་ན་ང་ཚོས་དུས་ཚོད་མང་བ་གཏོང་ཐུབ་ཀྱི་ཡོད་རེད། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཡིན་ནའང་རྒྱ་བལ་འབྲུག་གསུམ་ནང་ནས་ཡོང་གི་ཡོད་རེད། དེ་ཡིན་དུས་རྒྱ་བལ་འབྲུག་གསུམ་ནང་བཞུགས་མཁན་གཞོན་སྐྱེས་རྣམས་ལ་དམིགས་བསལ་གྱིས་འགན་འཁྲི་ཞིག་ཡོད་པ་དང་། དེ་ཡང་ཕྱི་རྒྱལ་ཁག་ལ་བཞུགས་མཁན་གྱི་གཞོན་སྐྱེས་ཚོ་སྣེ་ཁྲིད་ཐུབ་མཁན་ཞིག་ཆགས་དགོས་ཀྱི་རེད། ད་རེས་ཀྱི་ཉིན་ལྔའི་རིང་གི་ལས་རིམ་དེ་བཞིན་ཚགས་ཚུད་ཡོང་རྒྱུར་ཚང་མས་འབད་བརྩོན་གནང་རོགས་ཞེས་གསུངས་གནང་སོང་།


དེ་རྗེས་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གཞོན་སྐྱེས་རྣམ་པས་ཐུགས་སྣང་ཆེན་པོས་ཐེངས་འདིའི་ཟབ་སྦྱོང་ནང་འཛུལ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་གསུང་དོན། ང་ཚོའི་འཐབ་རྩོད་མུ་མཐུད་དགོས་ན་གཞོན་སྐྱེས་རྣམས་ལ་རེ་བ་བྱེད་ས་ལས་གཞན་ཡོད་མ་རེད། དེ་ཡིན་དུས་ན་གཞོན་ཚོ་མཐོང་རྒྱ་ཐོས་རྒྱ་ཡག་པོ་བྱུང་ན། སྤྱི་ཚོགས་ནང་ནུས་པ་ལྡན་པའི་ཕྱག་ལས་གནང་ཐུབ་རྒྱུར་དགེ་མཚན་ཡོད་པ་དང་། ཕྱིའི་མི་ལ་བོད་དོན་འགྲེལ་བཤད་བརྒྱབ་རྒྱུར། བོད་མིའི་སྒྲིག་འཛུགས་ཀྱི་སྐོར་ལ་གོ་རྟོགས་དགོས་པའི་སྐོར་གསུངས་པ་དང་། དེ་བཞིན་བོད་མི་ཡིན་པའི་ཆ་ནས་བོད་དོན་གོ་རྟོགས་སྤེལ་རྒྱུའི་ནུས་པ་ཡོད་པ་དང་། ནུས་པ་དེར་གཞོག་འདེགས་གནང་རྒྱུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་ཡིན་པ་དང་། ནུས་པ་དེ་ཡོད་པའི་སྤོབས་པ་སོ་སོའི་ངོས་ནས་སྐྱེས་ཏེ། སེམས་ནང་གང་ཡོད་པ་དེ་ཤོད་ཐུབ་མཁན་ཞིག་ཆགས་དགོས་སྐོར་གསུངས་གནང་རྗེས། ཟབ་སྦྱོང་དངོས་གཞི་དབུ་འཛུགས་གནང་སོང་།

ཟབ་སྦྱོང་དངོས་གཞིའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བྱུང་རིམ་སྐོར་ངོ་སྤྲོད་གསུང་བཤད་དང་། དྲི་བ་དྲིས་ལན་གནང་བ་དང་། ཚོགས་ཐུན་གཉིས་པར། དཔལ་ལྡན་ཚོགས་གཞོན་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱོགས་བསྐྱོད་ལས་རིམ་ཁག་གི་སྐོར་གསུང་བཤད་དང་། དྲི་བ་དྲིས་ལན།

ཚོགས་ཐུན་གསུམ་པར། སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་གིས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་ཆབ་སྲིད་སྡེ་ཚན་ངོ་སྤྲོད་དང་། དྲི་བ་དྲིས་ལན།

ཚོགས་ཐུན་བཞི་པར་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་གིས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་རྒྱུན་འབྲེལ་སྡེ་ཚན་དང་། རྟོག་ཞིབ་སྡེ་ཚན་ངོ་སྤྲོད་དང་། དྲི་བ་དྲིས་ལན་བཅས་གནང་ཡོད་པ་དང་། ཚོགས་ཐུན་མཐའ་མར་ཚོགས་བཅར་བ་ནང་ཁུལ་བགྲོ་གླེང་གནང་རྒྱུ་ཡིན་པ་བཅས། །