བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཡུ་རོབ་རྒྱལ་ཁབ་གསུམ་ནང་བོད་དོན་ཞུ་སྐུལ་གྱི་ལས་དོན་ཁག་ཡོངས་སུ་ལེགས་གྲུབ་བྱུང་བ།


༄༅། ། བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༣ ཟླ་ ༧ པའི་ཚེས་ ༦ ནས་ ༡༠ བར་འཇར་མན་རྒྱལ་ཁབ་ནང་འཇར་མན་གྲོས་ཚོགས་འཐུས་མི་དང་། འཇར་མན་ཕྱི་སྲིད་ལས་ཁུངས་ཀྱི་དཔོན་རིགས། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི། རོགས་ཚོགས་ཀྱི་མི་སྣ་སོགས་རིམ་པས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་སྟེ། འཇར་མན་རྒྱལ་ཁབ་ནང་གི་བོད་དོན་ཞུ་སྐུལ་གྱི་ལས་རིམ་ཁག་ལེགས་གྲུབ་ཀྱིས་ཕྱི་ཟླ་ ༦ པའི་ཚེས་ ༢༨ ནས་འགོ་འཛུགས་གནང་བའི་ཐེངས་འདིའི་ཡུ་རོབ་རྒྱལ་ཁབ་གསུམ་ནང་གི་བོད་དོན་ཞུ་སྐུལ་གྱི་ལས་དོན་ཁག་ཡོངས་སུ་ལེགས་པར་གྲུབ་གནང་ཡོད།

དེ་ཡང་ཕྱི་ཟླ་ ༧ པའི་ཚེས་ ༦ ནས་འགོ་འཛུགས་ཏེ། བོད་མི་མང་སྤྱི་འཐུས་རྣམ་པ་གསུམ་ནས་འཇར་མན་གྱི་རྒྱལ་ས་བྷར་ལེན་ནང་འཇར་མན་གཞུང་དང་འབྲེལ་ཡོད་ཁག་ལ་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་འཇར་མན་ནང་རྟེན་གཞི་བྱས་པའི་ (Schwarz-Schilling Foudation) ཚོགས་པའི་འབྲེལ་ཡོད་མི་སྣ་ཁག་དང་ལྷན་ཆུ་ཚོད་གཉིས་ཙམ་རིང་ཚོགས་འདུ་དང་ཕན་ཚུན་དྲི་བ་དྲིས་ལན་གནང་ཡོད་པ་དང་།


ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་འཇར་མན་ཕྱི་སྲིད་ལས་ཁུངས་སུ་སྤྱི་འཐུས་རྣམ་པས་འཇར་མན་ཕྱི་སྲིད་ལས་ཁུངས་ཀྱི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་ཁག་ཕུལ་ཏེ། འཇར་མན་གཞུང་གིས་རྒྱ་ནག་ལ་འཛིན་པའི་ཐབས་བྱུས་ཀྱི་ཡིག་ཆ་གསར་པ་བཟོ་བཞིན་པའི་ནང་ངེས་པར་དུ་བོད་དོན་སྐོར་ཁ་གསལ་འགོད་ཐབས་ཡོང་བ་དང་། རྒྱ་ནག་ནང་རྟེན་གཞི་བྱས་པའི་འཇར་མན་གཞུང་ཚབ་བརྒྱུད་བོད་ནང་གི་གནས་སྟངས་ཐོག་རྒྱུས་ལོན་ཞིབ་འཇུག་ཡོང་བ་སོགས་ཞུས་གནང་བར། སྐུ་ཞབས་ཁོང་གིས་དེ་དག་ལ་ངོས་བཞེས་དང་སྦྲགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཁམས་འཕྲོད་བསྟེན་ཇི་འདྲ་ཡོད་མེད་སྐོར་བཀའ་འདྲི་གནང་བར། ད་ལྟའི་ཆར་སྐུ་ཁམས་གསལ་ཐང་ཡིན་པ་དང་། མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་ཡོད་པ་མ་ཟད། ཉེ་ཆར་༧སྐུའི་འཁྲུངས་སྐར་ཉིན་དགུང་གྲངས་བརྒྱ་དང་བཅུ་གྲངས་བཞུགས་རྒྱུའི་ཞལ་བཞེས་གཏམ་བཟང་ཕེབས་ཡོད་པ་སོགས་སྙན་སེང་ཞུས་འདུག གཞན་ཡང་སྐུ་ཞབས་ཁོང་གིས་བོད་མི་མང་སྤྱི་འཐུས་རྣམ་པ་མ་འོངས་པར་མུ་མཐུད་ནས་འཇར་མན་ཕྱི་སྲིད་ལས་ཁུངས་ནང་ཕེབས་གནང་ཡོང་བ་དང་། ཕན་ཚུན་འབྲེལ་བ་མུ་མཐུད་གནས་རྒྱུ་ཡིན་པའི་ཞལ་བཞེས་གནང་འདུག

ཕྱི་ཚེས་ ༩ ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་བོད་པའི་ཟ་ཁང་ (Little Tibet) ཞེས་པའི་ནང་བོད་མི་མང་སྤྱི་འཐུས་རྣམ་པ་གསུམ་དང་། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། འཇར་མན་རྒྱལ་ས་བྷར་ལེན་ཁུལ་ལ་གནས་བཞུགས་བོད་རིགས་ཚོགས་པའི་ཚོགས་གཞོན་དབུས་པའི་ས་གནས་ཀྱི་འབྲེལ་ཡོད་མི་མང་། འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་བསྟན་འཛིན་འཛོམས་འབར་བ་ (Tezyn Zochbauer) ལགས་ཀྱིས་གཙོས་པའི་ཚོགས་མི་རྙིང་གྲས་ཁག་ཅིག འཇར་མན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་ཁུར་བ་ཀཱ་ཡེ་ མུ་ལར་ (Kai Muller) ལགས་སོགས་མཉམ་ཞུགས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུས་ཤིང་། དེ་ཡང་ཐོག་མར་ཆོས་ཕྱོགས་ཀྱི་ཞབས་བརྟན་གསུང་འདོན་མཛད་པ་དང་། དེ་ནས་མངར་ཟས་བགོ་འགྲེམས། ཕྱི་དྲོ་ཆུ་ཚོད་ ༥ ཐོག་ས་གནས་བོད་རིགས་ཚོགས་པས་མི་མང་ཡོངས་ལ་གསོལ་ཚིགས་འདེགས་འབུལ་ཞུས་རྗེས། ༧སྐུའི་འཁྲུངས་སྐར་གྱི་མཛད་རིམ་ཁག་ལེགས་པ་གྲུབ་གནང་ཡོད་འདུག

ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ པའི་ཐོག་བོད་མི་མང་སྤྱི་འཐུས་རྣམ་པས་འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་ (TID) ཞེས་པའི་ཚོགས་གཙོ་དང་། ལས་བྱེད། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བཅས་དང་ལྷན་མཇལ་འཕྲད་ཀྱིས་ཚོགས་འདུ་ཚོགས་ཏེ། ཕན་ཚུན་དྲི་བ་དྲིས་ལན་གནང་ཡོད། དེ་རྗེས་འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་ཞུས་པའི་བོད་དོན་དྲིལ་བསྒྲགས་དང་འབྲེལ་བའི་འགྲེམས་སྟོན་ཁག་ལ་གཟིགས་སྐོར་གནང་བ་དང་།

ཉིན་རྒྱབ་ཆུ་ཚོད་ ༢།༠༠ པའི་ཐོག་འཇར་མན་རོགས་ཚོགས་ (Friedrich Naumann Foundation) ཡི་རྒྱལ་སྤྱིའི་འགན་འཛིན་གཞོན་པ་མ་རེ་ཡ་ཝོ་ཧྤོ་ (Maria Walf) ལགས་དང་། ཚོགས་པའི་ཨེ་ཤི་ཡ་སྡེ་ཚན་གྱི་འགན་འཛིན་གཞོན་པ་ཅར་ལི་སེ་ ཌུ་ ཝི་ནཱ་ཇི་ (Charles Du Vinage) ལགས། དེ་བཞིན་འབྲེལ་ཡོད་ལས་བྱེད་བཅས་དང་ལྷན་མཇལ་འཕྲད་གནང་ཞིང་། སྐབས་དེར་ཁོང་རྣམས་ནས་ད་བར་ཚོགས་པའི་ལས་དོན་གནང་ཕྱོགས་སོགས་ངོ་སྤྲོད་དང་། ཕན་ཚུན་དགོངས་ཚུལ་བརྗེ་ལེན་གནང་ཞིང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་འཇར་མན་རོགས་ཚོགས་ (FNF) ངོས་ནས་ད་བར་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ཁག་ལ་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་དང་། འབྱུང་འགྱུར་ཡང་སྔར་ལྷག་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུས་གནང་ཡོད། སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་ཀྱི་ལས་བྱེད་ཆོས་བཟང་ལགས་དང་། བྷར་ལེན་བོད་རིགས་ཚོགས་པའི་ཚོགས་གཞོན་པདྨ་ལགས་རྣམ་གཉིས་མཉམ་བཅར་ཞུས་གནང་ཡོད་འདུག

ད་རེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཕྱི་ཟླ་ ༦ པའི་ཚེས་ ༢༨ ནས་ཕྱི་ཟླ་ ༧ པའི་ཚེས་ ༡༠ བར་ཡུ་རོབ་རྒྱལ་ཁབ་སྦེལ་ཇམ་དང་། ཕ་རན་སི། འཇར་མན་བཅས་ཀྱི་ནང་ཉིན་གྲངས་ ༡༣ ཙམ་གྱི་རིང་ཡུ་རོབ་གྲོས་ཚོགས་འཐུས་མི་དང་། རྒྱལ་ཁབ་སོ་སོའི་གྲོས་ཚོགས་འཐུས་མི། གཞུང་གི་དཔོན་རིགས། གནད་ཡོད་མི་སྣ་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་དང་། ས་གནས་བོད་རིགས་མང་ཚོགས་ཐུག་འཕྲད་སོགས་གནང་སྟེ། ཐེངས་འདིའི་ཡུ་རོབ་རྒྱལ་ཁབ་གསུམ་ནང་གི་བོད་དོན་ཞུ་སྐུལ་གྱི་ལས་དོན་ཁག་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་བཅས། །