༄༅། ། བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༣ ཟླ་ ༧ པའི་ཚེས་ ༢ ནས་འགོ་འཛུགས་ཏེ། ཕ་རན་སི་རྒྱལ་ཁབ་ནང་ཕ་རན་སི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སོགས་དཔོན་རིགས་ཁག་ཅིག་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བཞིན་ཡོད།
དེ་ཡང་བོད་མི་མང་སྤྱི་འཐུས་རྣམ་པ་གསུམ་ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོ་སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་དང་ལྷན་མེ་འཁོར་བརྒྱུད་ཕ་རན་སིའི་རྒྱལ་ས་པེ་རི་སིར་ཕེབས་ཐོན་གྱིས་དེ་གའི་མེ་འཁོར་བབས་ཚུགས་སུ་ཕེབས་འབྱོར་མཚམས། ཡུ་རོབ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་མཆོག་དང་། ཕ་རན་སི་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས་ཀྱིས་གཙོས་འབྲེལ་ཡོད་ལས་བྱེད། ས་གནས་བོད་རིགས་ཚོགས་པ། ས་གནས་ཆུ་བཞི་སྒང་དྲུག ས་གནས་དབུས་གཙང་ཚོགས་པ་སོགས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་གནད་ཡོད་མི་སྣ་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད་འདུག
དེ་རྗེས་བོད་མི་མང་སྤྱི་འཐུས་རྣམ་པ་ས་གནས་བོད་རིགས་ཚོགས་པའི་གཟའ་མཇུག་དཔལ་ཡོན་སློབ་གྲྭའི་འཛིན་གྲྭ་གོང་འོག་ཁག་ལ་འཚམས་འདྲིའི་གཟིགས་སྐོར་ཕེབས་གནང་བ་དང་། ཉིན་རྒྱབ་ཆུ་ཚོད་ ༢།༣༠ ནས་ཕྱི་དྲོ་ཆུ་ཚོད་ ༥།༠༠ བར་ས་གནས་བོད་རིགས་མང་ཚོགས་ཉིས་བརྒྱ་ཙམ་འདུ་འཛོམས་ཐོག་གསུང་བཤད་དང་། ཚོགས་བཅར་བ་མང་ཚོགས་ཀྱི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་མཐིལ་ཕྱིན་གནང་ཡོད་འདུག
ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོ་རྒྱལ་ས་པེ་རི་སིའི་རྫོང་དཔོན་གཞོན་པ་སྐུ་ཞབས་ཇེན་ལུག་ རོ་མེ་རོ་ མེ་ཤལ་ (Jean Luc-Romero Michel, Deputy Mayor of Paris ) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་ཡིག་ཆ་ཁག་ཕུལ་བ་དང་འབྲེལ་བོད་དོན་སྐོར་སྙན་སེང་ཞུས་པ་དང་། སྐབས་དེར་སྐུ་ཞབས་ཁོང་གིས་རྒྱ་དམར་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པ་མཁྱེན་རྟོགས་ཡོད་པའི་སྐོར་དང་། བོད་དང་ཕ་རན་སིའི་རྒྱལ་ཁབ་དབར་གྱི་འབྲེལ་བ་དང་། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགའ་ཞེན་དང་གུས་བཀུར་ཆེན་པོ་ཡོད་པ་མ་ཟད། བོད་དོན་ཐོག་རྣམ་པ་ཅི་རིགས་ཀྱི་སྒོ་ནས་རྒྱབ་སྐྱོར་ཞུས་དང་ཞུ་བཞིན་ཡོད་ཅེས་གསུངས་འདུག ཉིན་རྒྱབ་ས་གནས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་མི་རྣམས་དང་ལྷན་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་གནང་ཡོད་འདུག
ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ་ཕ་རན་སི་ཕྱི་སྲིད་ལས་ཁུངས་སུ་དེ་གའི་འགྲོ་བ་མིའི་ཐོབ་ཐང་གི་མགྲིན་ཚབ་པ་ལྕམ་སྐུ་ཌེ་ཕེ་ནེ་ བྷོ་རེཡོ་ནེ་ (Dephine Borione, Ambassador for human rights) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་ཁག་ཕུལ་བ་དང་ཆབས་ཅིག་བོད་དོན་སྐོར་སྙན་སེང་ཞུས་གནང་ཡོད་པ་དང་། སྐབས་དེར་ལྕམ་སྐུ་ཁོང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་དུས་རྒྱུན་དུ་ཐུགས་སྣང་དང་བློ་འཚབ་གནང་བཞིན་ཡོད་པ་མ་ཟད། གནོན་ཤུགས་ཡོད་མེད་ལ་མ་ལྟོས་པར་བོད་དོན་ཐོག་རྟག་ཏུ་རྒྱབ་སྐྱོར་དང་། ཐུགས་སྣང་གནང་བཞིན་ཡོད་ཅེས་གསུངས་འདུག ཉིན་གུང་ཕ་རན་སི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཇེ་ཁེ་ལེན་ ཨུ་ས་ཊ་ཆི་ བྷི་རི་ནའོ་ (Jacqueline Eustache-Brinio) མཆོག་དང་། ཕ་རན་སི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཨེལ་སི་ ཇོ་སེབ་ (Senator Else Joseph) མཆོག དེ་བཞིན་འཐུས་མི་གཞན་བཅས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པར་གསོལ་སྟོན་གོ་སྒྲིག་དང་འབྲེལ་མཇལ་མོལ་གནང་ཞིང་། སྐབས་དེར་ཁོང་རྣམ་པས་བོད་ཀྱི་གནད་དོན་སྤྱི་ཡོངས་དང་། ལྷག་པར་དུ་མ་འོངས་པའི་འཐབ་རྩོད་གནང་ཕྱོགས་སོགས་ཀྱི་སྐོར་བཀའ་འདྲི་དགོངས་ཚུལ་ཕེབས་ཁག་ལ་བོད་མི་མང་སྤྱི་འཐུས་རྣམ་པས་ལན་འདེབས་གསལ་བཤད་དང་། ད་ལན་གྱི་བོད་དོན་ཞུ་སྐུལ་གྱི་ལས་དོན་ཁག་སྙན་སེང་ཞུས་གནང་ཡོད་འདུག
ཕྱི་དྲོ་ཕ་རན་སི་ཕྱི་སྲིད་ལས་ཁུངས་སུ་ཨེ་ཤི་ཡའི་སྡེ་ཚན་གྱི་ངེས་སྟོན་པ་མཆོག་དང་ལྷན་མཇལ་འཕྲད་གནང་ཞིང་། སྐབས་དེར་སྤྱི་འཐུས་རྣམ་པས་བོད་ནང་རྒྱ་ནག་དམར་གཞུང་འོག་ཆབ་སྲིད་ཀྱི་དཀའ་ངལ་དང་། མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས། ཁོར་ཡུག་གཏོར་སྐྱོན་སོགས་ཀྱི་སྐོར་དང་། དེ་བཞིན་བོད་ཀྱི་གནད་དོན་ནི་རྒྱལ་སྤྱིའི་གནད་དོན་ཞིག་ཡིན་པ། བོད་ནི་རྒྱ་དམར་གཞུང་གིས་བཤད་པ་ལྟར་གྲངས་ཉུང་མི་རིགས་ཤིག་མིན་པ་མ་ཟད། ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་གཅིག་ཡིན་པ་སོགས་བོད་དོན་སྐོར་ཞིབ་ཕྲ་ངོ་སྤྲོད་གནང་རྗེས། བོད་དོན་ཞུ་སྐུལ་གྱི་ཡིག་ཆ་ཁག་ཕུལ་གནང་ཡོད་པ་དང་། ཁོང་གིས་བོད་དོན་ཐོག་དམིགས་བསལ་ཐུགས་སྣང་དང་བློ་འཚབ་ཡོད་པ། བོད་ནང་གི་གནས་ཚུལ་མང་པོར་རྒྱུས་མངའ་ཡོད་པ་དང་། རྒྱ་ནག་དམར་གཞུང་འོག་བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ། ལྷག་པར་དུ་ད་ལྟའི་ཆར་རྒྱ་ནག་དམར་གཞུང་གིས་སོ་སོའི་རྒྱལ་ཁབ་ཀྱི་ས་མཚམས་ལས་བརྒལ་བའི་ལས་འགུལ་མང་པོ་ཞིག་སྤེལ་ཡོང་བ་སོགས་ནི་ཧ་ཅང་གི་བློ་འཚབ་ཆེ་བའི་གནས་ཚུལ་ཞིག་ཡིན་པ་སོགས་གསུངས་འདུག
བོད་དོན་ཞུ་སྐུལ་སྐབས་ཡུ་རོབ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱལ་མཚན་མཆོག་དང་། ཕ་རན་སི་དོན་གཅོད་ལས་ཁུངས་ཀྱི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས། བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་སེ་ལི་ནེ་ མན་གྷེ་ (Celine Menguy) ལགས། འབྲེལ་ཡོད་ལས་བྱེད་འཇིགས་མེད་ལགས་བཅས་མཉམ་བཅར་ཞུས་འདུག་པ་བཅས།