བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཡུ་རོབ་རྒྱལ་ཁབ་སྦེལ་ཇམ་ནང་བོད་དོན་ཞུ་སྐུལ་གྱི་ལས་རིམ་མཇུག་བསྒྲིལ་བ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༧ པའི་ཚེས་ ༡ ཉིན་བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་བཅས་རྣམ་པ་གསུམ་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་སྦེལ་ཇམ་རྒྱལ་ཁབ་ནང་ཉིན་གྲངས་བཞིའི་རིང་གི་བོད་དོན་ཞུ་སྐུལ་གྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་ཀྱིས་ཕ་རན་སི་རྒྱལ་ས་པ་རི་སིར་ཕེབས་ཐོན་གནང་ཡོད་འདུག

དེ་ཡང་ཕྱི་ཟླ་ ༦ པའི་ཚེས་ ༣༠ ཉིན་སྔ་དྲོ་སྤྱི་འཐུས་རྣམ་པ་སྦར་སིལ་སྐུ་ཚབ་དོན་གཅོད་ཁང་དུ་འཚམས་གཟིགས་ཕེབས་པ་དང་། སྐབས་དེར་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་དང་། དྲུང་ཆེ་འཕྲིན་ལས་དབང་འདུས་ལགས། རྩིས་པ་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་ཤིང་། དེ་རྗེས་སྦེལ་ཇམ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཀལ་ ཝན་ལཱུ་ཝི་ (Senator Karl Vanlouwe) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་དང་། བོད་ཀྱི་གནད་དོན་དེ་བཞིན་རྒྱལ་སྤྱིའི་གནད་དོན་ཡིན་པ་སོགས་འགྲེལ་བརྗོད་དང་སྦྲགས་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་ཁག་ཕུལ་བ་དང་། སྐུ་ཞབས་ཁོང་གིས་དེ་སྔོན་ཁོང་ཉིད་བོད་ནང་ཕེབས་སྐབས་ཀྱི་གཟིགས་ཚུལ་ཁག་དང་། བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུར་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་འདུག དེ་ནས་སྐུ་ཞབས་ཁོང་གིས་བོད་མི་མང་སྤྱི་འཐུས་རྣམ་པ་སྦེལ་ཇམ་གཞུང་གི་གྲོས་ཚོགས་གོང་མའི་ཚོགས་ཁང་ (Flemish Parliament, 86 Rue de Louvain) ནང་གཟིགས་སྐོར་སྣེ་ཁྲིད་དང་སྦྲགས་ངོ་སྤྲོད་གནང་འདུག


ཉིན་རྒྱབ་བོད་མི་མང་སྤྱི་འཐུས་རྣམ་པ་བཀའ་བརྒྱུད་བསམ་ཡས་རྫོང་གི་ཆོས་ཚོགས་ལ་གནས་གཟིགས་དང་། དེ་བཞིན་སྦེལ་ཇམ་ནང་བསྟན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཀར་ལོ་ ལཱག་སེ་ (Carlo Luckx) མཆོག་དང་ལྷན་མཇལ་འཕྲད་གནང་ཞིང་། སྐབས་དེར་སྐུ་ཞབས་ཁོང་གིས་སྦེལ་ཇམ་སྲིད་གཞུང་ལ་ནང་བསྟན་འདི་བཞིན་ཆོས་ལུགས་སྤྱི་མཚུངས་ལྟར་ངོས་བཞེས་ཡོང་བའི་ལས་འགུལ་ད་བར་སྤེལ་མུས་ཡིན་པའི་སྐོར་དང་། དེར་སྲིད་གཞུང་ནས་གང་མགྱོགས་ངོས་ལེན་ཐོབ་རེ་ཡོད་པའི་སྐོར། དེ་ལྟར་བྱུང་ན་ས་གནས་འདིའི་ནང་ཡོད་པའི་ནང་བསྟན་ཆོས་ཚོགས་ཁག་ལ་ཁེ་ཕན་ཆེན་པོ་ཡོད་པའི་སྐོར་སོགས་ངོ་སྤྲོད་གནང་བ་དང་སྦྲགས། དེའི་ཐོག་ཕན་ཚུན་དགོངས་ཚུལ་བརྗེ་ལེན་དང་། སྤྱི་འཐུས་རྣམ་པས་ལས་གཞི་དེའི་ཐོག་རང་གཞུང་ཆོས་རིག་ལས་ཁུངས་ནས་མཐུན་འགྱུར་དགོས་རིགས་བྱུང་ཚེ་དེ་ལུགས་སྙན་སེང་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་འདུག སྐབས་དེར་སྦར་སིལ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱང་མཉམ་བཅར་ཞུས་ཡོད།

ཕྱི་ཟླ་ ༧ ཚེས་ ༡ ཉིན་གྱི་ཕྱི་དྲོ་སྦར་སིལ་ནས་ཨན་ཊབ་རྡོ་རྗེ་ཕ་ལམ་གྲོང་ཁྱེར་དུ་ཕེབས་ཏེ། བོད་རིགས་ཚོགས་པ་དང་། ས་གནས་མང་ཚོགས་ཐུག་འཕྲད་ཀྱིས་ཆུ་ཚོད་གཉིས་རིང་གསུང་བཤད་དང་། མང་ཚོགས་ཀྱི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་དང་། དགོང་དྲོ་ཆུ་ཚོད་ ༧།༣༠ ནས་བོད་རིགས་ཚོགས་པའི་གོ་སྒྲིག་འོག བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༨ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་དངོས་གཞི་སྲུང་བརྩི་ཞུས་པའི་ཐོག་བོད་མི་མང་སྤྱི་འཐུས་རྣམ་པ་ཆེད་ཕེབས་གནང་ཡོད། མཛད་སྒོའི་ཐོག་ས་གནས་གཟའ་མཇུག་སློབ་གྲྭ་ཁག་དང་། ཕ་མའི་ཚོགས་ཆུང་སོགས་ནས་རིག་གཞུང་འཁྲབ་སྟོན་ཞུས་གནང་འདུག

དགོང་དྲོ་ཆུ་ཚོད་ ༡༠ པའི་ཐོག་ཐེངས་འདིའི་སྦེལ་ཇམ་ཁུལ་གྱི་ལས་རིམ་ཡོངས་སུ་ལེགས་གྲུབ་ཀྱིས་ཕྱི་ཚེས་ ༢ ཉིན་ཕ་རན་སི་རྒྱལ་ས་པེ་རི་སིར་ཕེབས་ཐོན་གྱིས་མུ་མཐུད་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་བཅས། །