༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༦ པའི་ཚེས་ ༢༩ ཉིན་གྱི་སྔ་དྲོ་བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་སྦར་སིལ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་དང་། དོན་གཅོད་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་རྣམ་གཉིས་ཀྱི་ལྷན། སྦེལ་ཇམ་ཕྱི་སྲིད་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ལས་བྱེད་ལྕམ་སྐུ་ཧི་ལེ་ནཱ་ བྷེར་ཇེ་ (Helena Berge) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་ནང་ད་ལྟའི་ཆར་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་སོགས་ཀྱི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐོར་དང་། དེ་བཞིན་བོད་དེ་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་རང་བཙན་གཙང་མ་ཡིན་པ། ད་ལྟའི་ཆར་རྒྱ་ནག་དམར་གཞུང་གི་བཙན་བཟུང་འོག་གནས་ཡོད་པར་ངོས་འཛིན་གནང་དགོས་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སོགས་ཀྱི་ཐོག་ངོ་སྤྲོད་དང་། དེ་བཞིན་ཕན་ཚུན་དྲི་བ་དྲིས་ལན་དང་། བོད་དོན་ཞུ་སྐུལ་གྱི་ཡིག་ཆ་ཁག་ཕུལ་གནང་ཡོད་འདུག
དེ་རྗེས། སྦེལ་ལ་རུ་སི་ (Belarus) ཁ་གཏད་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་སྐུ་སི་ཝེ་ཏྲེ་ལ་ཎ་ སི་ཁ་ནོ་སི་ཁཱ་ཡཱ་ (Sviatlana Tsikhanouskaya) མཆོག་དང་ལྷན་མཇལ་འཕྲད་ཀྱིས་འཚམས་འདྲིའི་མཇལ་དར་དང་། བོད་དོན་ཞུ་སྐུལ་ཡིག་ཆ་ཁག་ཕུལ་ཏེ་བོད་དོན་ངོ་སྤྲོད་དང་། དེ་བཞིན་ཡུ་རོབ་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལྕམ་སྐུ་ནཱི་ཀོ་ལེ་ཏྲ་ པུ་སི་ཏྲེ་ལ་ (Ms Nicoletta Pusterla) མཆོག་དང་། ཡུ་རོབ་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ལས་བྱེད་སྐུ་ཞབས་གྷར་གྱ་ (Gargya, Policy Officer, EEAS) མཆོག་རྣམ་གཉིས་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་དང་ཕན་ཚུན་དྲི་བ་དྲིས་ལན་གནང་ཡོད་འདུག
ཉིན་རྒྱབ་ཡུ་རོབ་གྲོས་ཚོགས་འཐུས་མི་དང་། ཀ་ཏྲི་ལུ་ན་ཡའི་ (Catalunya) སྲིད་འཛིན་ཟུར་པ་སྐུ་ཞབས་ཀར་ལེས་ པུར་ཇེ་ཌེ་མོན་ཊི་ (Carles Puigdmont) མཆོག་དང་ལྷན་མཇལ་འཕྲད་ཀྱིས་གོང་བཞིན་བོད་ནང་གི་གནས་སྟངས་དང་། ཡུ་རོབ་གྲོས་ཚོགས་ནང་བོད་དོན་གླེང་སློང་ཡོང་བ་དང་། བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་དགོས་སྐོར། ཡུ་རོབ་གྲོས་ཚོགས་ཀྱི་འགན་འཁྲི་སོགས་ཀྱི་སྐོར་སྙན་སེང་ཞིབ་རྒྱས་ཞུས་གནང་བ་དང་། སྐབས་དེར་སྐུ་ཞབས་ཁོང་གིས་བོད་ཀྱི་དཀའ་ངལ་ནི་རྒྱ་ནག་གིས་བོད་པའི་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ངན་པ་བཏིང་ནས་བྱུང་བ་ཞིག་ཡིན་པ་དང་། ཁོང་ངོས་ནས་རྒྱ་ནག་ལ་ཁ་གཏད་བཅག་ནས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་ངེས་ཡིན་སྐོར་དང་། མ་འོངས་པའི་ཡུ་རོབ་གྲོས་ཚོགས་ནང་བོད་དོན་ཐོག་དྲི་བ་དྲིས་ལན་དང་། ཀ་ཏྲི་ལུ་ན་ཡའི་ (Catalunya) འཐབ་རྩོད་དང་བོད་ཀྱི་འཐབ་རྩོད་དབར་འབྲེལ་བ་དམ་ཟབ་གནང་རྒྱུ་སོགས་ཀྱི་ཕན་ཚུན་དགོངས་ཚུལ་བརྗེ་ལེན་གནང་ཡོད་འདུག
ཕྱི་དྲོ་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་དང་། ཡུ་རོབ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མེ་ཀུ་ལ་སི་ པེག་ས་(Mikulas Peksa, MEP & President of Tibet Interest Group) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་ཐོག་ཕན་ཚུན་དྲི་བ་དྲིས་ལན་དང་། ཁོང་གིས་ད་བར་བོད་དོན་ཐོག་ཕྱག་ལས་གནང་ཕྱོགས་དང་མ་འོངས་པའི་འཆར་གཞི་སོགས་ཞིབ་ཕྲ་ངོ་སྤྲོད་གནང་ཡོད་འདུག་པ་བཅས། །