བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཡུ་རོབ་རྒྱལ་ཁབ་སྦེལ་ཇམ་ནང་བོད་དོན་ཞུ་སྐུལ་གནང་འགོ་འཛུགས་པ།

 

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༢༧ ཉིན་གྱི་དགོང་དྲོ་བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཡུ་རོབ་རྒྱལ་ཁབ་གསུམ་གྱི་ནང་བོད་དོན་ཞུ་སྐུལ་སླད་ཕེབས་ཡོད་པ་ལྟར། 

ཕྱི་ཚེས་ ༢༨ ཉིན་གུང་ཆུ་ཚོད་ ༡།༣༠ ཐོག་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་སྦེལ་ཇམ་རྒྱལ་ས་སྦར་སིལ་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་བྱུང་ཡོད་པ་དང་། སྐབས་དེར་སྦར་སིལ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་དང་འབྲེལ་ཡོད་ལས་བྱེད། བོད་རིགས་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས། ས་གནས་གཞོན་ནུ་དང་ཆུ་བཞི་སྒང་དྲུག་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད་འདུག

ཉིན་གུང་ཆུ་ཚོད་ ༣།༣༠ ཐོག་ཡུ་རོབ་གྲོས་ཚོགས་ནང་ཅེག་སྤྱི་མཐུན་རྒྱལ་ཁབ་ནས་ཡིན་པའི་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཊོ་མ་སེ་ ཛི་དྷི་ཁོ་ཝི་ཀི་ (Tomas Zdechovky, Member of European Parliament) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ཀྱི་གནས་སྟངས་སྐོར་དང་། ལོ་རྒྱུས་ཐོག་བོད་རང་བཙན་གྱི་གནས་བབ་དང་། བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སོགས་ངོ་སྤྲོད་དང་སྦྲགས། ཡུ་རོབ་གྲོས་ཚོགས་ནང་བོད་དོན་གླེང་སློང་དང་། བོད་དོན་ཐོག་གྲོས་ཆོད་འཇོག་གནང་ཡོང་བ། ལྷག་པར་དུ་ཡུ་རོབ་སྤྱི་མཐུན་ཚོགས་པའི་ནང་བོད་དོན་དམིགས་བསལ་སྐུ་ཚབ་བསྐོ་གཞག་གནང་དགོས་སྐོར་དང་། ཡུ་རོབ་གྲོས་ཚོགས་ཀྱི་འགན་འཁྲི་སོགས་ཀྱི་ཐོག་ཞུས་གནང་ཡོད་པ་དང་། སྐབས་དེར་སྐུ་ཞབས་ཁོང་གིས་བོད་ཀྱི་རང་དབང་རང་བཙན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད་སྐོར་དང་། འབྲེལ་ཡོད་སྲིད་གཞུང་ཁག་ལ་ཡང་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་རྒྱུར་འབོད་སྐུལ་ཞུ་རྒྱུའི་ཞལ་བཞེས་གནང་ཡོད་འདུག དེ་རྗེས། ཡུ་རོབ་གྲོས་ཚོགས་འཐུས་མི་ཞིག་གིས་གོ་སྒྲིག་ཐོག བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་དེ་གའི་ཁོར་ཡུག་གི་འགྲེམས་སྟོན་ཞིག་ལ་གཟིགས་སྐོར་དང་། དེར་སྤྱི་འཐུས་རྣམ་པས་བོད་དོན་ངོ་སྤྲོད་ཀྱི་ཡིག་ཆ་ཁག་ཕུལ་ཏེ། གྲོས་ཚོགས་ནང་བོད་དོན་སྐོར་གླེང་སློང་ཡོང་བའི་འབོད་སྐུལ་ཞུས་གནང་ཡོད་འདུག

ཕྱི་ཚེས་ ༢༩ ནས་མུ་མཐུད་ཕྱི་ཟླ་ ༧ པའི་ཚེས་ ༢ བར་སྦེལ་ཇམ་གཞུང་དང་། ཡུ་རོབ་གྲོས་ཚོགས་ཀྱི་གནད་ཡོད་མི་སྣ་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་རྒྱུ་ཡིན་པ་བཅས། །