༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༡༠ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༡ པས་བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་། ཟུར་སྐྱོང་སྡེ་ཚན་དང་བཅས་པའི་སྡེ་ཚན་གྲངས་ ༢༤༢ ཀྱི་གཙོ་བོ་རྩིས་ལོ་ ༢༠༡༨་་་༡༩ ལོའི་རྩིས་ཞིབ་སྙན་ཐོ་དང་དེ་དག་གི་ལན་འདེབས་བཅས་ལ་ཞིབ་འཇུག་དང་། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༠ པའི་སྙན་ཐོར་འཛིན་སྐྱོང་ནས་མཇུག་སྐྱོང་བྱས་ཟིན་པ་རྣམས་ལ་ཞིབ་འཇུག རྩིས་ལོ་ ༢༠༡༨ གོང་གི་སྙན་ཐོར་ཐུགས་ཞིབ་མ་བྱུང་བའི་རིགས་བཅས་ལ་ཞིབ་འཇུག་གིས་མུ་མཐུད་མཇུག་སྐྱོང་དགོས་རིགས་སྙན་ཐོར་འགོད་རྒྱུ་སོགས་ལེགས་གྲུབ་ཀྱིས་ལས་དོན་མཐའ་དག་མཇུག་བསྒྲིལ་གནང་ཡོད།
དེ་ཡང་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། ཚོགས་དྲུང་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག ཚོགས་མི་སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་མཆོག ཚོགས་མི་སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག ཚོགས་མི་སྤྱི་འཐུས་བསྟན་འཛིན་ཆོས་འཛིན་མཆོག་བཅས་ལས་གྲུབ་པའི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༡ པས་ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༡༦ ཉིན་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གི་དྲུང་ནས་ལས་དོན་གནང་ཕྱོགས་ཀྱི་ལམ་སྟོན་ཞུས་རྗེས།
རྩིས་སྙན་ཞིབ་འཇུག་གི་ལས་དོན་དབུ་འཛུགས་ཀྱིས་ད་བར་ཟླ་བ་དགུ་མ་ཟིན་ཙམ་གྱི་རིང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་། ཟུར་སྐྱོང་སྡེ་ཚན་དང་བཅས་པའི་སྡེ་ཚན་གྲངས་ ༢༤༢ ཀྱི་གཙོ་བོ་རྩིས་ལོ་ ༢༠༡༨་་་༡༩ ལོའི་རྩིས་ཞིབ་སྙན་ཐོ་དང་དེ་དག་གི་ལན་འདེབས་སོགས་ལ་ཞིབ་འཇུག་གནང་ཡོད།
དཔལ་ལྡན་ཚོགས་གཙོ་སྦྲེལ་པོའི་ལམ་སྟོན་དང་། དམིགས་བསལ་རྩིས་ཞིབ་སྙན་ཐོ་གཞི་ལ་བཞག་ནས་ཞིབ་འཇུག་གིས་ཐག་གཅོད་དང་ལམ་སྟོན་ཇི་བྱས་ཀྱི་གྲུབ་འབྲས་གནས་སྟངས་བཅས་ཀྱི་སྙན་ཐོ་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༥ པར་སྙན་སྒྲོན་ཞུ་རྒྱུ་ཡིན་པ་དང་། ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་དེ་རིང་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེ་བསོད་ནམས་རྡོ་རྗེ་ལགས་སུ་ཕུལ་གནང་ཡོད་པ་བཅས། །