༄༅། ། བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་གིས་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༢༧ ནས་ ༣༠ བར་ཉིན་གྲངས་བཞིའི་རིང་རྒྱ་གར་རྒྱལ་ས་ལྡི་ལི་དང་། དེའི་ཉེ་འགྲམ་བོད་མིའི་འདུ་སྡོད་ཁག་དང་། སུད་ཚོང་ས་གནས་ཁག་ལ་གཟིགས་ཞིབ་དང་། མི་མང་གི་བདེ་སྡུག་གསན་ཞིབ། དེ་བཞིན་རྒྱ་གར་དཔོན་རིགས་སོགས་མཇལ་འཕྲད་བཅས་གནང་སྟེ། རྒྱལ་ས་ལྡི་ལི་དང་དེའི་ཉེ་འགྲམ་ས་གནས་ཁག་གི་ཐེངས་འདིའི་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་ཡོད།
དེ་ཡང་ཉིན་གྲངས་བཞིའི་རིང་སྤྱི་འཐུས་མཆོག་གིས་ལྡི་ལི་བསམ་ཡས་གླིང་བོད་མིའི་གཞིས་སྒར་དང་། ལ་དྭགས་བྷུ་ཏ་བྷི་ཧར། ལྡི་ལི་བོད་ཁྱིམ་སྡོད་ཁང་། ལལ་ཀི་ལ་བཅས་སུ་གནས་སྡོད་བོད་མི་རྣམས་དང་། མཐོ་སློབ་སློབ་ཕྲུག་བཅས་སོ་སོར་ཐུག་འཕྲད་ཀྱིས་གསུང་བཤད་དང་། དེ་བཞིན་ས་གནས་སུ་རྟེན་གཞི་བྱས་པའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་ལས་ཁུངས་ཁག་ལ་གཟིགས་སྐོར་བཅས་ཕེབས་གནང་ཡོད། ས་གནས་མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་མཆོག་གིས་གཙོ་བོ་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་། ད་ལྟའི་རྒྱ་ནག་གི་ཆབ་སྲིད་གནས་བབ། བཙན་བྱོལ་ནང་ཚང་མས་བོད་དོན་ཞུ་སྐུལ་ཐོག་མཉམ་ཞུགས་གནང་རྒྱུའི་གལ་གནད། མང་གཙོའི་སྤྱི་ཚོགས་ནང་མི་མང་གི་ལས་འགན་དང་། ཕྱོགས་ཡོངས་ནས་མཉམ་བསྐྱོད་དང་། སྤྱི་སྙོམས། བཟོད་བསྲན་སོགས་གོང་མཐོར་གཏོང་དགོས་སྐོར་སོགས་གསུངས་གནང་ཡོད་འདུག
ས་བགོས་ཕྱོགས་བསྐྱོད་སྐབས། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་གིས་རྒྱ་གར་དབུས་གཞུང་གི་འཕྲོད་བསྟེན་བློན་ཆེན་ཟུར་པ་དང་། གྲོས་ཚོགས་འོག་མིའི་འཐུས་མི་ཧར་ཤ་ ཝར་དྷན་ (Dr. Harsh Vardhan, member of 17th Lok Sabha and former Union Minister for Health & Family Welfare) མཆོག་དང་ལྷན་མཇལ་འཕྲད་གནང་ཡོད་འདུག སྐབས་དེར་ལྡི་ལི་བསམ་ཡས་གླིང་ས་གནས་འགོ་འཛིན་རྡོ་རྗེ་ལགས་དང་། འཕགས་བོད་འབྲེལ་མཐུད་ཚོགས་པའི་ལས་བྱེད་ཆོས་ཉིད་ཚེ་རིང་ལགས་རྣམ་གཉིས་མཉམ་བཅར་ཞུས་ཡོད།
གཞན་ཡང་ལྡི་ལི་ས་གནས་འགོ་འཛིན་དང་ལྷན། སྤྱི་འཐུས་མཆོག་གིས་ལྡི་ལི་ས་གནས་གྲོས་ཚོགས་འཐུས་མི་སྐུ་ཞབས་པར་ལཌ་ སིངྒ་ སའོ་ནེ་ (Sh. Parlad Singh Sawhney, MLA, Delhi) མཆོག་དང་། གྷུ་རུ་གྷ་རམ་ཁོངས་གཏོགས་ཧར་ཡ་ན་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སུ་དྷིར་ ཀུ་མར་ སིང་ལ་ (Sh. Sudhir Kumar Singla, MLA, Gurugram, Haryana) མཆོག རྒྱ་གར་དབུས་གཞུང་གྲངས་ཉུང་མི་རིགས་ཚོགས་ཆུང་གི་ནང་པའི་སྐུ་ཚབ་ལྕམ་སྐུ་རིན་ཆེན་མཁའ་འགྲོ་མཆོག ལྡི་ལི་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ཝི་ཀ་ས་ ཊེནྐ་ (Sh. Vikas Tank, Civil Lines Municipal Counsellor) མཆོག རྒྱ་གར་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ཚོགས་མི་རྒན་གྲས་སྐུ་ཞབས་ཨིན་དེ་རེ་ཤི་ཀུ་མཱར་ (Indresh Kumar) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲད་ཀྱིས་རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་དོན་དང་། བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ས་བགོས་ཕྱོགས་བསྐྱོད་སྐབས་ས་གནས་བོད་མི་རྣམས་ནས་སྤྱི་འཐུས་མཆོག་ལ་བདེ་སྡུག་གང་ཞུས་པ་རྣམས་མངའ་སྡེའི་དཔོན་རིགས་རྣམས་ལ་སྙན་སེང་དང་། མངའ་གཞུང་ནས་འབྱུང་འགྱུར་དཀའ་སེལ་མཐུན་འགྱུར་གནང་སྐྱོང་ཡོང་བའི་རེ་སྐུལ་བཅས་ཞུས་གནང་བར། ཁོང་རྣམ་པས་གང་ཐུབ་གནང་རྒྱུའི་ཞལ་བཞེས་གནང་འདུག དཔོན་རིགས་མཇལ་འཕྲད་སྐབས་ཀྱི་གནས་ཚུལ་རྣམས་རྒྱ་གར་གྱི་ས་གནས་གསར་འགྱུར་ཁག་ནང་བཀོད་གནང་འདུག
དེ་བཞིན་སྤྱི་འཐུས་མཆོག་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་ཆེད་ཕེབས་ཀྱིས་གསར་དུ་བསྐོ་གཞག་གནང་བའི་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་བློ་བཟང་ཤཱསྟྲཱི་མཆོག་དང་ལྷན་མཇལ་འཕྲད་ཀྱིས་ཐོག་མར་ལས་གནས་ཐོག་ཉེ་ཆར་གསར་དུ་ཕེབས་པར་འཚམས་འདྲི་དང་སྦྲགས། སྤྱི་འཐུས་མཆོག་གིས་ས་བགོས་ཕྱོགས་བསྐྱོད་སྐོར་དང་། ས་གནས་བོད་མི་རྣམས་ཀྱིས་བདེ་སྡུག་ཞུས་པ་ཁག་ཅིག་སྙན་གསན་ཞུས་འདུག
བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། འཕགས་བོད་འབྲེལ་མཐུད་ཚོགས་པའི་དྲུང་ཆེ་སྐུ་ཞབས་པན་ཀཇ་ གྷོ་ཡལ་ (Sh. Pankaj Goyal) མཆོག་རྣམ་གཉིས་ཀྱིས་སྤྱི་འཐུས་མཆོག་ལྡི་ལི་དང་། དེའི་ཉེ་འགྲམ་ས་ཁུལ་དུ་ས་བགོས་ཕྱོགས་བསྐྱོད་ཕེབས་སྐབས་གང་ཅིར་མཐུན་འགྱུར་གནང་འདུག