༄༅། ། བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་གིས་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༢༣ ནས་ ༢༤ བར་ཉིན་གྲངས་གཉིས་རིང་རྒྱ་གར་ཡུ་པི་མངའ་སྡེའི་ནང་ཡོད་པའི་བོད་མིའི་སུད་ཚོང་ས་གནས་ཁག་བཞིར་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་ཡོད་ཅིང་། དེ་ཡང་སུད་ཚོང་ས་གནས་ཨག་ར་ (Agra) དང་། མི་རཌ།(Meerut) མ་ཐུ་ར།(Mathura) ནོ་ཡེ་ཌ།(Noida) བཅས་ལ་ཕེབས་སྐབས། ས་གནས་བོད་མི་སུད་ཚོང་བ་རྣམས་དང་། བོད་དོན་རྒྱབ་སྐྱོར་བ་རྣམ་པས་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད་འདུག
སུད་ཚོང་མི་མང་ཐུག་འཕྲད་སྐབས་སོ་སོར། སྤྱི་འཐུས་མཆོག་གིས་གཙོ་བོ་གསུང་དོན། རྒྱ་ནག་དམར་གཞུང་འོག་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པ་དང་། བོད་མི་རྣམས་གདུག་རྩུབ་མནར་གཅོད་མྱངས་དང་མྱོང་བཞིན་པའི་སྐོར་དང་། ད་ལྟའི་རྒྱ་ནག་གི་ཆབ་སྲིད་གནས་བབ། བཙན་བྱོལ་ནང་ཚང་མས་བོད་དོན་ཞུ་སྐུལ་ཐོག་མཉམ་ཞུགས་གནང་རྒྱུའི་གལ་གནད། མང་གཙོའི་སྤྱི་ཚོགས་ནང་མི་མང་གི་ལས་འགན་དང་། ཕྱོགས་ཡོངས་ནས་མཉམ་བསྐྱོད་དང་། སྤྱི་སྙོམས། བཟོད་བསྲན་སོགས་གོང་མཐོར་གཏོང་དགོས་སྐོར་སོགས་གསུངས་པ་དང་། སྐབས་དེར་སུད་ཚོང་བ་རྣམ་པས་ས་གནས་ཀྱི་བདེ་སྡུག་སྐོར་སྙན་སེང་དང་། ཁོང་རྣམས་དང་འབྲེལ་བའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་འཆར་ཁག་སོགས་ཀྱི་ཐོག་དགོངས་འཆར་ཕུལ་གནང་འདུག
གཞན་ཡང་སྤྱི་འཐུས་མཆོག་གིས་ས་གནས་སུ་ཡོད་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་རྣམས་དང་མཇལ་འཕྲད་སྐབས། རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་དོན་དང་། བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། འབྱུང་འགྱུར་མུ་མཐུད་ཁོང་རྣམ་པས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་ཡོད་པ་དང་། དེ་བཞིན་སུད་ཚོང་ས་གནས་ཀྱི་དཀའ་ངལ་ཐོག་རོགས་རམ་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་པར། ཁོང་རྣམ་པས་གང་ཐུབ་གནང་རྒྱུའི་ཞལ་བཞེས་གནང་འདུག་པ་བཅས། །