༄༅། ། རྒྱ་གར་དགུན་དུས་གྲོས་ཚོགས་འཚོགས་བཞིན་པའི་སྐབས་དང་བསྟུན། ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༢ ཉིན་ནས་འགོ་འཛུགས་ཏེ། རྒྱ་གར་རྒྱལ་ས་ལྡི་ལིར་སྤྱི་འཐུས་རྒྱུན་ལས་དྲུག་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་སྡེ་ཚན་གཉིས་ལ་ཆ་བགོས་ཀྱིས་རྒྱ་གར་དབུས་གཞུང་གི་བློན་ཆེན་དང་། གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༢༣ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་བོད་དོན་ཞུ་སྐུལ་ཚོགས་ཆུང་གཉིས་པའི་ཚོགས་མི་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་བློ་བཟང་ཐུབ་བསྟན་མཆོག་བཅས་དང་། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་གསལ་སྒྲོན་ལགས་བཅས་ཀྱིས་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་དྲུག་དང་ལྷན་སྔ་རྗེས་སུ་མཇལ་འཕྲད་ཀྱིས་བོད་དོན་སྐོར་ཞུ་སྐུལ་གནང་ཡོད་འདུག
དེ་ཡང་ཕྱི་ཚེས་ ༢༣ བོད་དོན་ཞུ་སྐུལ་ཉིན་གཉིས་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་བོད་དོན་ཞུ་སྐུལ་ཚོགས་ཆུང་གཉིས་པས་རྒྱ་གར་བྷི་ཧར་མངའ་སྡེ་ནས་ཡིན་པ་གྲོས་ཚོགས་འོག་མའི་ཇེ་ཌི་ཡུ་ཚོགས་པའི་འཐུས་མི་སྐུ་ཞབས་ཝི་ཇཱེ་ ཀུ་མར་ (Shri Vijay Kumar, Lok Sabha MP from Bihar, JDU) མཆོག་དང་། རྒྱ་གར་ཏཱ་མིལ་ནཱ་ཌུ་མངའ་སྡེ་ནས་ཡིན་པ་ཌི་ ཨེམ་ ཀེ་ཚོགས་པའི་གྲོས་ཚོགས་འོས་མའི་འཐུས་མི་སྐུ་ཞབས་རཱ་མཱ་ ལིན་གྷམ་ (Shri Ramalingam Lok Sabha MP from Tamil Nadu, DMK) མཆོག རྒྱ་གར་མཱ་ཧཱ་རཱ་ཤི་ཏི་ར་མངའ་སྡེ་ནས་ཡིན་པ་གྲོས་ཚོགས་འོག་མའི་ཤིབ་སེ་ན་ཚོགས་པའི་འཐུས་མི་སྐུ་ཞབས་པྲ་ཏཱ་ པ་རའོ་ཇ་དྷབ་ (Shri Prataprao Jadhav, Lok Sabha MP from Maharashtra, Shiv Sena) མཆོག
རྒྱ་གར་ཀེ་རཱ་ལཱ་མངའ་སྡེ་ནས་ཡིན་པ་གྲོས་ཚོགས་འོག་མའི་ཀོང་རེ་སི་ཚོགས་པའི་འཐུས་མི་སྐུ་ཞབས་ཝི་ ཀེ་ སེ་རེ་ ཀཱན་དན་ (Shri V.K. Sreekandan, Lok Sabha MP from Kerala) མཆོག རྒྱ་གར་ལྷོ་ཕྱོགས་མཱ་ཧཱ་རཱ་ཤི་ཏི་རཱ་མངའ་སྡེ་ནས་ཡིན་པ་གྲོས་ཚོགས་འོག་མའི་ཀོང་རི་སི་ཚོགས་པའི་འཐུས་མི་ལྕམ་སྐུ་སུ་པ་རི་ཡ་ སཱ་དྷཱ་ ནནྜི་ སུལ་ (Smt. Supriya Sadanand Sule, Lok Sabha MP from Maharashtra, NCP) མཆོག རྒྱ་གར་བྷི་ཧར་མངའ་སྡེ་ནས་ཡིན་པ་གྲོས་ཚོགས་གོང་མའི་ཇེ་ཌི་ཡུ་ཚོགས་པའི་འཐུས་མི་སྐུ་ཞབས་ཨ་ནེལ་ ཧེ་ཇི་(Shri Anil Hegde, Rajya Sabha MP from Bihar, JDU) མཆོག་བཅས་ཁྱོན་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་གྲངས་ ༦ དང་ལྷན་སོ་སོར་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད་པ་བཅས། །