བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་པཊ་ནར་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

 

དེ་ཡང་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༤ ཉིན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྡ་ས་ནས་ཕེབས་ཐོན་གྱིས་ལྡི་ལིར་འབྱོར་རྗེས་ལྡི་ལི་དོན་ཁང་དུ་གཞི་རྒྱ་ཆེ་བའི་ལས་འགུལ་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་ནང་སྲིད་བཀའ་བློན་མཆོག་དང། སྤྱི་འཐུས་ཀརྨ་ཡེ་ཤེས་ལགས། ལྡི་ལིར་བཅའ་བཞུགས་སྤྱི་འཐུས་རྣམ་པ་གསུམ་དང། ལྡི་ལི་དོན་གཅོད་ཀྱི་དྲུང་ཆེ། གསར་འགོད་འབྲེལ་མཐུད་པ། འཕགས་བོད་འབྲེལ་མཐུད་ལས་ཁུངས། ས་གནས་འགོ་འཛིན། བརྒྱ་འཐུས་ལས་ཁུངས། རང་བདེན་ཚོགས་ཆུང་སོགས་བོད་རིགས་གནས་སྡོད་བྱེད་ཡུལ་གྱི་ཚོགས་པ་དང་སློབ་གྲྭ་ཁག་གི་སྐུ་ཚབ་ལྷན་འཛོམས་ཐོག བོད་ནང་གི་ཛ་དྲག་གི་གནས་སྟངས་ཆེད་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣༠ ནས་ཉིན་བཞིའི་རིང་གཞི་རྒྱ་ཆེ་བའི་ལས་འགུལ་གྱི་འབོད་སྒྲ་དང།  དམིགས་ཡུལ། ངོ་བོ། དེ་བཞིན་ལས་རིམ་གོ་སྒྲིག་ཆེད་ཚོགས་ཆུང་ཆ་བགོས་ཀྱི་སྒྲོམ་གཞིའི་སྐོར་ལ་གསལ་བཤད་གནང་ཡོད་པ་དང། དེ་རྗེས་ནང་སྲིད་བཀའ་བློན་མཆོག་དང། ཕྱོགས་བཞུགས་སྤྱི་འཐུས་རྣམ་པ། ལྡི་ལི་དོན་གཅོད་བཅས་ཟུར་དུ་ཚོགས་འཛོམས་ཀྱིས་གཞི་རྒྱ་ཆེ་བའི་ལས་འགུལ་ནང་རྒྱ་གར་གྱི་གནད་ཡོད་མི་སྣ་སུ་སུ་གདན་འདྲེན་ཞུ་དགོས་མིན་བཅས་གཏན་འབེབས་གནང་བར་མ་ཟད། བོད་པའི་གློག་བརྙན་བཟོ་མཁན་བསོད་ནམས་ལགས་དང་རི་ཏུ་ས་རིན་རྣམ་གཉིས་མཇལ་འཕྲད་ཀྱིས་བོད་དོན་དང་འབྲེལ་བའི་གློག་བརྙན་གཟིགས་འབུལ་གྱི་སྐོར་ལ་གོ་བསྡུར་གནང་ཡོད།

གཞན་ཡང་ཕྱི་ཚེས་ ༧ ཉིན་ཚོགས་གཙོ་མཆོག་པཊ་ནར་རྒྱ་གར་གྲོས་ཚོགས་གོང་མིའི་འཐུས་མི་སྐུ་ཞབས་ Bashistha Narain Singh མཆོག་གི་སྲས་མོའི་འཁྲུངས་སའི་རྟེན་འབྲེལ་མཛད་སྒོར་མགྲོན་འབོད་གནང་དོན་བཞིན་བཅར་བ་དང། ས་གནས་སུ་ཕེབས་པའི་གོ་སྐབས་དང་བསྟུན་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Nitish kumar མཆོག་དང་མངའ་སྡེའི་བློན་ཆེན་རྣམ་པ། གྲོས་ཚོགས་ཀྱི་འཐུས་མི་དང་གནད་ཡོད་མི་སྣ་གང་མང་ལ་མཇལ་འཕྲད་གནང་བ་དང་ཆབས་ཅིག སྐུ་ཞབས་ Bashistha Narain Singh མཆོག་ལ་བཀའ་སྤྱི་གཉིས་ཀྱི་ལས་འགུལ་དང་འབྲེལ་བའི་ཐོག་ལ་གོ་བསྡུར་གནང་བ་སོགས་ཀྱི་མཛད་དོན་ལེགས་གྲུབ་ཀྱིས་ཕྱི་ཚེས་ ༩ ཉིན་རྡ་སར་ཕྱིར་ཕེབས་གནང་ཡོད་པ་རེད།།

Menu