༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༡༠ ཉིན་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་དུ་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་མི་ལོ་ཧྲིལ་པོ་ ༣༣ འཁོར་བའི་གཞུང་འབྲེལ་དུས་དྲན་མཛད་སྒོ་སྲུང་བརྩི་གྲུབ་མཚམས། རྡ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐེངས་འདིའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་མཆོག་དང་། དམིགས་བསལ་སྐུ་མགྲོན་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུ་ཇིཏ་ཀུ་མར་ (Shri Sujeet Kumar) མཆོག་རྣམ་གཉིས་དང་། དེ་བཞིན་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་སྐུ་ཞབས་བཀྲ་ཤིས་རྒྱལ་མཚན་མཆོག སྡེ་དཔོན་གཞོན་པ་ཚེ་རིང་དབང་ཕྱུག་མཆོག རྒྱུན་ལས་སྐུ་ཞབས་གྷུ་ལམ་ མེ་དྷི་ ཨ་ཤུར་ (Ghulam Mehdi Ashoor) མཆོག་བཅས་ལ་ཉིན་གུང་གསོལ་ཚིགས་ཤིག་འདེགས་འབུལ་ཞུས་གནང་ཡོད།
སྐབས་དེར་སྐུ་མགྲོན་གྲོས་ཚོགས་འཐུས་མི་རྣམ་པ་དང་། ལ་དྭགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་བཅས་ཆེད་ཕེབས་གནང་ཡོད་ཅིང་། ཉིན་གུང་གསོལ་སྟོན་ཐོག་བོད་དོན་ཐོག་བཀའ་བསྡུར་གནང་བ་དང་། མཐར་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། གྲོས་ཚོགས་འཐུས་མི་རྣམ་པ་གཉིས་ལ་སྟོན་པའི་སྐུ་ཐང་རེ་དང་། གཞན་སྐུ་མགྲོན་རྣམས་ལ་ཕྱག་རྟགས་བཅས་ཕུལ་གནང་སོང་།
ཉིན་གུང་ཆུ་ཚོད་ ༤།༠༠ ཙམ་ལ་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུཇིཏ་ཀུ་མར་མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་ཤིང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་བཅས་ནས་སྣེ་ལེན་ཞུས་རྗེས། དཔལ་ལྡན་ཚོགས་གཞོན་མཆོག་གིས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། ལས་དོན་གནང་ཕྱོགས། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར་སོགས་དང་། བཙན་བྱོལ་བོད་མིའི་མང་གཙོ་ནི་ཆབ་སྲིད་ཚོགས་པ་མེད་པའི་མང་གཙོ་ཡིན་པའི་སྐོར་དང་། དེ་བཞིན་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ནང་སྐབས་ཐོག་སོ་སོར་འགྱུར་བ་གང་དང་གང་ཕྱིན་པའི་སྐོར་སོགས་ངོ་སྤྲོད་སྙིང་བསྡུས་ཞུས་གནང་རྗེས། བོད་དོན་དང་འབྲེལ་བའི་ཕྱག་དེབ་གཅིག་ཕུལ་གནང་ཡོད་པ་བཅས། །