༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༧ ཉིན་བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་སྣེ་ཁྲིད་འོག སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ཧོ་ལན་ཌི་རྒྱལ་ས་ཨེམ་སི་ཊར་ཌེམ་ (Amsterdam) གནམ་ཐང་དུ་འབྱོར་མཚམས། སྦར་སིལ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་དང་། ཧོ་ལན་ཌི་བོད་རིགས་ཚོགས་པའི་ཚོགས་གཙོ་ཟླ་བ་ཚེ་རིང་ལགས་དང་རྒྱུན་ལས་ཁག་ཅིག ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་དབང་པོ་བཀྲས་མཐོང་ལགས་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་གནང་ཡོད་པ་རེད།
ཕྱི་ཚེས་ ༢༨ ཉིན་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་རྒྱལ་ས་ཨེམ་སི་ཊར་ཌེམ་ (Amsterdam) དུ་ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་དབང་པོ་བཀྲས་མཐོང་ལགས་དང་། སྦར་སིལ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་རྣམ་གཉིས་དང་ལྷན། མ་འོངས་བོད་དོན་ཞུ་གཏུགས་ལས་དོན་སྤེལ་ཕྱོགས་ཐད་ལེགས་སྤེལ་ཉེས་འགོག་ཇི་དགོས་ཐད་དགོངས་ཚུལ་སྤེལ་རེས་ཀྱི་ཚོགས་འདུ་གནང་ཡོད།
ཕྱི་ཚེས་ ༢༩ ཉིན་ཧོ་ལན་ཌི་རྒྱལ་ཁབ་ཀྱི་ཕྱི་སྲིད་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ལས་བྱེད་རྒན་པ་སྐུ་ཞབས་མར་ཊིན་ ཧི་ཌི་རིག་སི་ (Maarten Heetderks, Senior Policy Officer, Multilateral Organisations and Human Rights Department, Ministry for Foreign Affairs) མཆོག་དང་། རྒྱ་ནག་སྡེ་ཚན་གྱི་ལས་བྱེད་རྒན་པ་སྐུ་ཞབས་བྷི་སི་ཊར་ཝིལ་ (Laurens Bistervels, Senior Policy Officer, China Desk, Ministry for Foreign Affairs) མཆོག་རྣམ་གཉིས་ལྷན་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བ་དང་། ཉིན་རྒྱབ་ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲིག་འོག་ ༼བོད་ཀྱི་གནད་དོན་དེ་བཞིན་ཡུ་རོབ་དང་། ཧོ་ལན་ཌི་རྒྱལ་ཁབ་ལ་ཇི་ཙམ་གལ་ཆེན་པོ་ཆགས་ཡོད་དམ།༽ ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། ཐེངས་འདིའི་ཡུ་རོབ་ཁུལ་གྱི་བོད་དོན་ཞུ་གཏུགས་ལས་དོན་དང་གྲུབ་འབྲས་སྐོར་བགྲོ་གླེང་དང་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་འདུག
ཕྱི་ཚེས་ ༣༠ ཉིན་སྤྱི་འཐུས་རྣམ་པ་རྒྱལ་ས་ཨེམ་སི་ཊར་ཌེམ་ (Amsterdam) དུ་རྟེན་གཞི་བྱས་པའི་ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་ཁུངས་ཨ་མར་གཟིགས་སྐོར་དང་། ཉིན་རྒྱབ་ཧོ་ལན་ཌི་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ཧོ་ལན་ཌི་གནས་སྡོད་བོད་རིགས་མི་མང་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་དང་། བོད་ནང་གི་ཛ་དྲག་གནས་སྟངས། ཐེངས་འདིའི་ཡུ་རོབ་རྒྱལ་ཁབ་བཞིའི་ནང་གི་བོད་དོན་ཞུ་གཏུགས་ལས་དོན་བཅས་ཀྱི་ཐོག་གསུང་བཤད་དང་། མང་ཚོགས་ཀྱི་དྲི་བར་ལན་འདེབས་ཆ་ཚང་གནང་སྟེ། ཐེངས་འདིའི་ཡུ་རོབ་རྒྱལ་ཁབ་བཞིའི་ནང་ཉིན་གྲངས་ ༡༨ རིང་བོད་དོན་ཞུ་གཏུགས་ཀྱི་ལས་དོན་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་བཅས། །