༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༤ ཉིན་བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ཇི་རི་ཨོ་བྷི་ལེ་རྫར་ (Jiří Oberfalzer, Vice President of the Czech Senate) མཆོག་དང་། གྲོས་ཚོགས་གོང་མའི་ཚོགས་གཞོན་ཇི་ཊི་ཀ་ སེ་ཊི་ལོ་ཝ་ (Jitka Seitlova, Vice President of the Czech Senate) མཆོག ཕྱི་སྲིད་བློན་ཆེན་གཞོན་པ་ཇི་རི་ཀོ་ཛག་ (Jiri Kozak, Deputy Minister of Foreign Affairs of the Czech Republic) མཆོག ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུ་རོབ་མཉམ་འབྲེལ་གྱི་ལས་དོན་དང་འབྲེལ་བའི་བློན་ཆེན་གཞོན་པ་སྐུ་ཞབས་མ་རེག་ ཧེབ་ར་ཌ་ (Marek Havrda, Deputy Minister for European Affair) མཆོག་བཅས་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་སྔར་ལྷག་ཡོངས་ཐབས་སུ་བགྲོ་གླེང་དང་། གོ་བསྡུར་སྦྱངས་བཤད་ལྷུགས་པོ་གནང་ཡོད།
དེ་ཡང་གོང་ཚེས་ཉིན་སྔ་དྲོ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ཇི་རི་ཨོ་བྷི་ལེ་རྫར་ (Jiří Oberfalzer, Vice President of the Czech Senate) མཆོག་དང་། གྲོས་ཚོགས་གོང་མའི་ཚོགས་གཞོན་ཇི་ཊི་ཀ་ སེ་ཊི་ལོ་ཝ་ (Jitka Seitlova, Vice President of the Czech Senate) མཆོག་རྣམ་གཉིས་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པ།(Czech Senate for Tibet) ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། ཅེག་བོད་དོན་རྒྱབ་སྐྱོར་ཚོགས་པ། (Czech Support Tibet) སི་ནོབ་སི་སི་ཞེས་པའི་ཚོགས་པ།(Sinopsis) གཞུང་འབྲེལ་མིན་པའི་ཡུ་རོབ་བདེ་འཇགས་ཚོགས་པ་ (European Values Center for Security Policy) བཅས་ཐུན་མོང་གིས་གོ་སྒྲིག་འོག ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་ “བོད་ནང་གི་དཀའ་ངལ་ཐོག་ཅེག་སྤྱི་མཐུན་རྒྱལ་ཁབ་དང་། ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ནས་ཇི་ལྟར་སེལ་དགོས།” ཞེས་པའི་བརྗོད་གཞིའི་ཐོག་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཞིང་།
སྐབས་དེར་ཚོགས་འདུ་དབུ་འབྱེད་མཛད་སྒོའི་ཐོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ཇི་རི་ཨོ་བྷི་ལེ་རྫར་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་དང་། དེ་བཞིན་ཅེག་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་པ་རེ་མ་སིལ་ ར་བྷ་ས་ (Přemysl Rabas, Chairman of the Tibet support group in the Czech Senate) མཆོག་དང་། ཕྱི་སྲིད་བློན་ཆེན་གཞོན་པ་ཇི་རི་ཀོ་ཛག་ (Jiri Kozak, Deputy Minister of Foreign Affairs of the Czech Republic) མཆོག ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུ་རོབ་མཉམ་འབྲེལ་གྱི་ལས་དོན་དང་འབྲེལ་བའི་བློན་ཆེན་གཞོན་པ་སྐུ་ཞབས་མ་རེག་ ཧེབ་ར་ཌ་ (Marek Havrda, Deputy Minister for European Affair) མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་བཅས་ཀྱིས་འཚམས་འདྲིའི་གསུང་བཤད་དང་།
དེ་ནས་སྔ་དྲོ་ཚོགས་ཐུན་དང་པོའི་ཐོག་བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་ ”བོད་ནང་གི་ཆོས་དད་རང་དབང་སྐོར་དང་། བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་གནང་ཕྱོགས།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། བོད་ཀྱི་ལོ་རྒྱུས་ཐོག་ཉམས་ཞིབ་པ་སློབ་དཔོན་མེ་ཀལ་ཝན་ཝལ་ཊ་པཱ་རག་ (Prof. Michael Van Walt Praag) ལགས་ཀྱིས་ “བོད་ཀྱི་གནས་བབ་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱལ་སྤྱིའི་ལས་འགན།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གསུངས་གནང་འདུག
ཚོགས་ཐུན་གཉིས་པའི་ཐོག་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་གིས་ “ཡུ་རོབ་ཀྱིས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུར་ཡུ་རོབ་ལ་ཁེ་ཕན་ཇི་ཡོད།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། རྒྱ་ནག་དང་། ཡུ་རོབ་ཕྱི་འབྲེལ་ཚན་པའི་སྲིད་བྱུས་དང་འབྲེལ་བའི་ལས་བྱེད་སྐུ་ཞབས་བྷ་ལ་ཛི་ གྷར་ག་ཡ་ (Balázs Gargya, Policy Officer – China, European External Action Service) ལགས་ཀྱིས་ཡུ་རོབ་དང་། རྒྱ་ནག་དབར་གྱི་འབྲེལ་བའི་གནས་བབ་ཐོག་གསུང་བཤད། ཡུ་རོབ་བདེ་འཇགས་ཚོགས་པའི་ཉམས་ཞིབ་པ་སྐུ་ཞབས་ཌེ་ཝེ་ཌི་ པ་ལ་སེག་ (David Plášek, Analyst, European Values Center for Security Policy) ལགས་ཀྱིས་ “ཡུག་རན་དམག་ཁྲུག་དང་། དེས་ཡུ་རོབ་ཀྱིས་རྒྱ་ནག་དང་། བོད་ལ་འཛིན་པའི་སྲིད་བྱུས་ལ་ཤུགས་རྐྱེན་གང་ཐེབས་པའི་སྐོར།” ལ་གསུང་བཤད། ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཨི་ས་བྷེལ་ སན་ཊོ་ས་ (Isabel Santos, Member of the European Parliament) ལགས་ཀྱིས་ “བོད་ཀྱི་གནད་དོན་གསལ་རྒྱུར་ཡུ་རོབ་གྲོས་ཚོགས་ཀྱི་ལས་འགན།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག
ཉིན་རྒྱབ་ཚོགས་ཐུན་གསུམ་པའི་ཐོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཕྱི་སྲིད་ལས་དོན་དང་། བདེ་འཇགས། སྲུང་སྐྱོབ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་པ་ཝེལ་ ཕི་སི་ཆར་ (Pavel Fischer, Chairman of the Senate Committee on Foreign Affairs, Defence and Security) མཆོག་གིས་ “བོད་ཀྱི་དཀའ་ངལ་སེལ་རྒྱུའི་ཐོག་ཐབས་ལམ་འདྲ་མིན་བཙལ་རྒྱུ།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨི་ཝ་ ཌེ་ཁོར་སི་ (Eva Decroix, Member of the Chamber of Deputie) མཆོག་གིས་ “བསམ་ཕྱོགས་མཐུན་པའི་རྒྱལ་ཁབ་དབར་འབྲེལ་བ་གནང་སྟེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་ཐབས།”ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད། འཇར་མན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཛིན་སྐྱོང་འགན་འཛིན་དང་། མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་གཏུགས་ལས་འགུལ་གྱི་འགན་འཛིན་ཀཡེ་མུ་ལར་ (Kai Müller, Head of the UN advocacy team and Executive Director, International Campaign for Tibet, Germany) ལགས་ཀྱིས་ “རྒྱ་ནག་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གསུང་བཤད། ཧོང་ཀོང་ (The Campaign for Hong Kong) ཞེས་པའི་ཚོགས་པའི་ཚོགས་གཙོ་སེ་མུལ་ ཤུ་ (Samuel Chu, President) ལགས་ཀྱིས་ཧོང་ཀོང་དང་། བོད་དང་འབྲེལ་བའི་ཐོག་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོའི་ཐོག་གོ་སྐབས་ཇི་ཡོད་ཐོག་གསུང་བཤད་བཅས་གནང་ཡོད་འདུག
མཐར་ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཛིན་སྐྱོང་འགན་འཛིན་སྤྱི་ཟུར་དབང་པོ་བཀྲས་མཐོང་ལགས་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚན་པའི་ཚོགས་མི་ཇོ་སེབ་ ཨོ་ཀ་མུ་ར་ (Josef Okamura, Member of the Foreign Affairs Committee and Chairman of the Tibet support group of the Czech Chamber of Deputies) མཆོག ཅེག་གྲོས་ཚོགས་གོང་མའི་ཚོགས་གཞོན་ཇི་ཊི་ཀ་ སེ་ཊི་ལོ་ཝ་ (Jitka Seitlova, Vice President of the Czech Senate) མཆོག་བཅས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་བོད་དོན་དང་འབྲེལ་བའི་ལྷན་ཚོགས་དེ་བཞིན་རྒྱལ་ཁའི་ངང་གྲོལ་གནང་འདུག་པ་བཅས། །