བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཆོག་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་འཐུས་མིར་བོད་དོན་ཞུ་སྐུལ་གནང་བཞིན་པ།

 

༄༅། །ཉེ་ལམ་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་གར་གཞུང་གི་སྔོན་རྩིས་ཀྱི་གྲོས་ཚོགས་འཚོགས་བཞིན་ཡོད་པ་དང་བསྟུན། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་གྲོལ་མ་ཐག ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་སྣེ་ཁྲིད་པའི་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་མཁན་པོ་ཀ་བྲཿགདངོས་གྲུབ་བསོད་ནམས་མཆོག སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་བཅས་ལས་གྲུབ་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཆུང་དེ་ཉིད་ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༤ ནས་འགོ་འཛུགས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཐོག་མར་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཁག་ཏུ་ཆེད་བཅར་གནང་ཏེ་འབྲེལ་མཐུད་དང་རྒྱུས་ལོན་བྱས་ཡོད་པ་དང་། དེ་རྗེས་རྒྱ་གར་གྲོས་ཚོགས་གོང་འོག་གི་འཐུས་མི་གཙོས་པའི་གནད་ཡོད་མི་སྣ་ཁག་དང་ཐུག་འཕྲད་ཞུས་ཏེ་ཞུ་གཏུགས་ཀྱི་བརྗོད་གཞི་ཁག་གི་ཐོག་ཞུ་སྐུལ་གནང་འདུག

དེའང་སྐུ་ཚབ་ཚོགས་ཆུང་ནས་སྤྱི་ཚེས་ ༤ ཉིན་ཞོགས་པར་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ National Congress Party ཡི་གཏན་འཇགས་དྲུང་ཆེ་སྐུ་ཞབས་ ཁོ་ཧེ་ལེ་ (Shri. S.R. Kohli) དང་མཇལ་འཕྲད་ཞུས། དེ་རྗེས་ཆབ་སྲིད་ཚོགས་པ་ Samajwadi Party ཡི་ལྡི་ལིའི་ལས་ཁུངས་སུ་བཅར་ཏེ་དྲུང་ཆེ་ ཁི་རེ་སན་ དཔལ་ (Shri. Krishan Pal) དང་། རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ Bharatiya Janata Party ཡི་སྤྱི་ཁྱབ་ལས་ཁུངས་སུ་བཅར་ཏེ་དྲུང་ཆེ་ མཱ་ཧན་དྷི་ར་ དཔལ་དྷན་ (Shri. Mahendra Pandey) དང་མཇལ་འཕྲད་ཞུས།

སྐུ་ཚབ་ཚོགས་ཆུང་ནས་ཉིན་རྒྱབ་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ Communist Party of India ཡི་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ ཆེ་དྷམ་བྷ་རམ་ ར་ཝེ་ (Shri. Chidambaram Ravi) དང་མཇལ་འཕྲད་ཞུས། དེ་རྗེས་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ Janata Dal(United) ཡི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ ཨཱ་ཧྥ་ཁི་ ཨཧ་མེ་དྷི་ ཁན་ (Shri. Afaque Ahmed Khan) དང་མཇལ་འཕྲད་ཞུས་ཤིང་། ཆབ་སྲིད་ཚོགས་པ་དེ་བཞིན་མངའ་སྡེ་བཞིའི་ནང་ནས་འོས་ཤོག་གི་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུས། ཕྱི་དྲོར་རྒྱལ་གར་གྱི་ཆབ་སྲིད་ཚོགས་པ་ National People’s Party ཡི་ལྡི་ལིར་རྟེན་གཞི་བྱེད་པའི་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་ སོ་ནེ་ལ་ལི་ ཀོལ་ (Shri. Sonelal Kol) དང་མཇལ་འཕྲད་ཞུས། ཕྱི་དྲོ་ཆུ་ཚོད་ ༤།༠༠ ཐོག པན་ཇབ་ཀྱི་ཆབ་སྲིད་དང་འབྲེལ་བ་མེད་པའི་ཚོགས་པ་གསར་པ་ Shiromani Akali Dal Delhi State ཞེས་པའི་ཚོགས་པར་ཆེད་བཅར་གྱིས་རྒྱུས་ལོན་དང་འབྲེལ་མཐུད་ཞུས་གནང་ཡོད་པ་རེད།

གཞན་ཡང་། སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་གྲོས་ཚོགས་གོང་འོག་གི་འཐུས་མི་གཙོས་པའི་གནད་ཡོད་མི་སྣ་ཁག་དང་ཐུག་འཕྲད་ཀྱིས་ཞུ་སྐུལ་གནང་ཞིང་། ཞུ་སྐུལ་གྱི་བརྗོད་གཞི་གཙོ་བོ་ནི། ༡༽ ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་པོ་གཞུང་གིས་བོད་ལ་དྲག་པོའི་བཙན་འཛུལ་བྱས་ཏེ་མི་ལོ་ ༦༣ རིང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་བཞིན་པ་དང་། བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་དང་ཡུལ་སྲོལ་གོམས་གཤིས་རྩ་གཏོར་གྱིས་རྐྱེན་པས་ད་བར་བོད་མི་ ༡༥༨ གྱིས་རང་ལུས་མེར་བསྲེགས་ཀྱི་ཡ་ང་བའི་གནས་སྟངས་བྱུང་བའི་སྐོར། ༢༽ བོད་ནང་གི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བ་དང་ཁོར་ཡུག་སྲུང་སྐྱོབ་པ། དེ་བཞིན་རྩོམ་པ་པོ་རྣམས་ལ་ཉེས་མིང་སྣ་ཚོགས་ཐོག་འཛིན་བཟུང་བཀག་ཉར་བྱེད་བཞིན་ཡོད་པའི་གནས་སྟངས། ༣༽ རྒྱ་ནག་གཞུང་གིས་ཡར་རྒྱས་ལ་ཁག་དཀྲི་སྟེ་བོད་ཀྱི་ཁོར་ཡུག་ལ་དོ་ཕོག་ཚབས་ཆེན་བཟོ་བཞིན་པའི་སྐོར། ༤༽ རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་དུ་གྲོས་ཚོགས་འཐུས་མི་གང་མང་མཉམ་ཞུགས་ཡོང་ཐབས། ༥༽ རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་པའི་དྲྭ་ཚིགས་སླར་གསོ་བྱ་རྒྱུ་སོགས་ཡིན་པ་རེད།

དེ་ཡང་ཐོག་མར་ཕྱི་ཚེས་ ༤ ཕྱི་དྲོ་ཆུ་ཚོད་ ༠༤།༤༠ ཐོག རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ Indian National Congress ཡི་ལས་ཁུངས་གཙོ་བོ་ཡོད་ས་ All Indian Congress Committee དུ་རྒྱ་གར་གྱི་ཡུལ་སྐོར་བློན་ཆེན་ཟུར་པ་དང་གྲོས་ཚོགས་འཐུས་མི་ཟུར་པ་ལྕམ་ རེ་ནུག་ཁ་ ཅོ་ཏོ་རེ་ (Smt. Renuka Chowdhury) དང་མཇལ་འཕྲད་ཞུས། ཁོ་མོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཆུང་རྒྱལ་ས་ལྡི་ལིར་བཅར་དགོས་པའི་དམིགས་ཡུལ་དང་། དེ་བཞིན་བོད་ལ་རྒྱབ་སྐྱོང་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་པ་ལྟར་ལྕམ་ རེ་ནུག་ཁ་ ཡིས་ཀྱང་དེ་ལུགས་ཞལ་བཞེས་གནང་ཡོད།

དེ་རྗེས་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ Telugu Desam Party ཡི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ ཁེ་སེ་ནེ་ནི་ སི་རེ་ནེ་ཝ་སི་ (Shri. Keseneni Srinivas, Lok Sabha MP from Vijayawada. Andhra Pradesh) དང་མཇལ་འཕྲད་ཞུས། གཞན་ཡང་རྒྱ་གར་གྱི་སྲིད་བློན་ཟུར་པ་དང་། རྒྱ་གར་གྲོས་ཚོགས་གོང་མའི་ཁ་ན་ཊ་ཀ་མངའ་སྡེའི་འཐུས་མི་དང་ཆབ་སྲིད་ཚོགས་པ་ Janata Dal (Secular) ཚོགས་གཙོ་སྐུ་ཞབས་ དྷེ་བེ་གྷོ་དྷ་ (Shri. H. D Devegowda) མཆོག་དང་མཇལ་འཕྲད་ཞུས། ཕྱི་དྲོ་ཆུ་ཚོད་ ༧:༣༠ ཐོག གྲོས་ཚོགས་གོང་མའི་ Uttarakhand མངའ་སྡེའི་འཐུས་མི་སྐུ་ཞབས་ ནཱ་རེ་སུ་ བྷན་སིལ་ (Shri. Naresh Bansal) དང་མཇལ་འཕྲད་ཞུས།

སྤྱི་ཚེས་ ༥ ཉིན་གྱི་ཞོགས་པ་ཆུ་ཚོད་ ༧:༣༠ ཐོག རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ སུ་ཇེ་ཊི་ ཀུ་མར་ (Shri. Sujeet Kumar, Raj Sabha member from Odisha) དང་མཇལ་འཕྲད་ཞུས། ཉིན་རྒྱབ་རྒྱ་གར་གྲོས་ཚོགས་འོག་མའི་ལྡི་ལི་མངའ་སྡེའི་འཐུས་མི་སྐུ་ཞབས་ སངས་ཇེ་ སིང་ (Shri. Sanjay Singh, Lok Sabha) དང་མཇལ་འཕྲད་ཞུས། དེ་རྗེས་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ Biju Janata Dal ནས་ཡིན་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ ཅཱན་དྷི་ར་ སེ་ཁ་ ས་ཧུག་ (Shri. Chandra Sekhar Sahu, Lok Sabha MP from Berhampur, Odisha) དང་མཇལ་འཕྲད་ཞུས་འདུག

ཕྱི་དྲོ་ཆུ་ཚོད་ ༥:༡༠ ཐོག རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ Bharatiya Janata Party ཡི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ མེ་ཋེ་ཤུ་ ཕ་ཋེ་ (Shri. Mitesh Patel, Lok Sabha MP from Anand, Gujarat) དང་མཇལ་འཕྲད་ཞུས། དེ་རྗེས་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ Bharatiya Janata Party ཡི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ པ་ར་དྷན་ བྷ་རུག་ (Shri. Pradhan Baruah, Lok Sabha MP from Lakhimpur, Assam) དང་མཇལ་འཕྲད་ཞུས།

སྐུ་ཚབ་ཚོགས་ཆུང་ནས་དེ་རྗེས་རྒྱ་གར་ West Bengal ནས་ཡིན་པའི་ཆབ་སྲིད་ཚོགས་པ་ All India Trinamool Congress ཡི་ལྡི་ལི་ལས་ཁུངས་སུ་བཅར། དེ་རྗེས་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ Congress ཡི་སྤྱི་ཁྱབ་དྲུང་ཆེ་ལས་ཐོག་དང་། གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་སྐུ་ཞབས་ ཕོ་ནེ་ཡ་ (Shri. P.L. Punia) དང་མཇལ་འཕྲད་ཞུས་འདུག

ཕྱི་དྲོ་ཆུ་ཚོད་ ༧:༣༠ ཐོག རྒྱ་གར་དབུས་གཞུང་གི་ཁྲིམས་ཀྱི་བློན་ཆེན་སྐུ་ཞབས་ ཁེ་རན་ རེ་ཇེ་ཇུ་ (Shri. Kiren Rijiju, Cabinet Minister of Law and Justice) མཆོག་དང་མཇལ་འཕྲད་ཞུས། དེ་བཞིན་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ Indian National Congress ཡི་གྲོས་ཚོགས་གོང་མའི་ཁཱ་ན་ཊ་ཀ་མངའ་སྡེའི་འཐུས་མི་སྐུ་ཞབས་ སེ་དྷི་ ན་སར་ ཧུག་སན་ (Dr. Syed Naseer Hussain, Rajya Sabha MP) དང་མཇལ་འཕྲད་ཞུས་འདུག

སྤྱི་ཚེས་ ༦ ཉིན་གྱི་ཞོགས་པ་ཆུ་ཚོད་ ༠༩།༣༠ ཐོག རྒྱ་གར་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་ (Parliament Library Building) དུ་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ Telangana Rashtra Samithi ཡི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ནཱ་མ་ ན་གྷེ་སི་ཝ་ རོའོ་ (Shri. Nama Nageswar Rao, Lok Sabha MP from Khammam, Telangana) དང་མཇལ་འཕྲད་ཞུས་འདུག

གཞན་ཡང་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་ལྕམ་ རཱ་ཆ་ན་ ཤ་མ་ (Smt. Rachana Sharma) དང་དྲུང་ཆེ་ (Shri. Prasanjit Singh, Secretary) རྣམ་གཉིས་གཙོས་པའི་འབྲེལ་ཡོད་ལས་བྱེད་དང་མཇལ་འཕྲད་ཞུས། འགན་འཛིན་ལྕམ་ རཱ་ཆ་ན་ ཤ་མ་ ཡིས་དཔེ་མཛོད་ཁང་དང་འགྲེམས་སྟོན་ཁང་བཅས་སུ་གཟིགས་སྐོར་གནང་འདུག དེ་རྗེས་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ Telangana Rashtra Samithi ཡི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ ཝེ་ཀ་ཋེ་ཤུ་ ནེ་ཐ་ (Dr. B Venkatesh Netha, Lok Sabha MP from Peddapalli, Telangana) དང་མཇལ་འཕྲད་ཞུས་འདུག

ཉིན་རྒྱབ་རྒྱ་གར་བྱང་ཤར་ནས་ཡིན་པའི་གྲོས་ཚོགས་འཐུས་མི་གསར་པར་དགའ་བསུ་དང་འཚམས་འདྲིའི་ལྷན་འཛོམས་ཀྱི་མཛད་སྒོ་ཞིག་སྐོང་ཚོགས་བྱས་ཡོད་པ་དང་། འདུ་འཛོམས་དེའི་ཐོག་བོད་མི་མང་སྤྱི་འཐུས་ཀྱི་སྐུ་ཚབ་ཚོགས་ཆུང་ཡང་མགྲོན་འབོད་གནང་པ་ལྟར་ཆེད་བཅར་ཞུས། སྐབས་དེར་རྒྱ་གར་བྱང་ཤར་ནས་ཡིན་པའི་གྲོས་ཚོགས་འཐུས་མི་ ༢༢ ལྷན་འཛོམས་བྱུང་ཡོད་པ་དང་། དེའི་ཁྲོད་རྒྱ་གར་དབུས་གཞུང་གི་བློན་ཆེན་སྐུ་ཞབས་ ཁེ་རན་ རེ་ཇེ་ཇུ་ (Shri. Kiren Rijiju) དང་བློན་ཆེན་སྐུ་ཞབས་ སཱ་བྷ་ན་དྷ་ སོ་ནོ་ཝ་ (Shri. Sarbananda Sonowal, Cabinet Minister of Ports, Shipping and Waterways; and also Minister of AYUSH) རྣམ་གཉིས་དང་། དེ་བཞིན་བློན་ཆེན་གཞོན་པ་སྐུ་ཞབས་ རཱ་ཇི་ཀུག་མ་ ར་ཇན་སིང་ (Shri. Rajkumar Ranjan Singh, MoS External Affairs and Education) དང་བློན་ཆེན་གཞོན་པ་སྐུ་ཞབས་ རཱ་མན་སི་ཝ་ ཏེ་ལེ་ (Shri. Rameswar Teli, MoS Petroleum and Natural Gas; and Labour and Employment) རྣམ་གཉིས་ཚུད་པའི་གནད་ཡོད་མི་སྣ་སོགས་མཉམ་ཞུགས་གནང་འདུག

སྐབས་དེར་སྐུ་ཞབས་ ཁེ་རན་ རེ་ཇེ་ཇུ་ མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ལ་འཚམས་འདྲི་གནང་བ་དང་སྦྲགས། རྒྱ་གར་བྱང་ཤར་ནས་ཡིན་པའི་གྲོས་ཚོགས་འཐུས་མི་རྣམ་པར་ད་ལན་སྐུ་ཚབ་ཚོགས་ཆུང་དེར་བཅར་དགོས་པའི་དམིགས་ཡུལ་སོགས་ཀྱི་སྐོར་ངོ་སྤྲོད་གནང་། དེ་བཞིན་ཁོང་རྣམ་པས་ཀྱང་གྲོས་ཚོགས་འཐུས་མིའི་ངོ་བོ་ཐོག་ནས་བོད་མི་མང་སྤྱི་འཐུས་རྣམ་པ་དང་མཇལ་འཕྲད་བྱེད་བཞིན་ཡོད་ཚུལ་གསུངས། དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གསུང་བཤད་གནང་བ་དང་། དཔལ་ལྡན་ཚོགས་གཞོན་མཆོག་གིས་དམིགས་བསལ་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་མཚོན་པའི་གནད་དོན་ཁ་ཤས་ཐོག་ངོ་སྤྲོད་ཞུས།

ཕྱི་དྲོར་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ Mizo National Front ཡི་གྲོས་ཚོགས་འོག་མའི་ Mizoram མངའ་སྡེའི་འཐུས་མི་སྐུ་ཞབས་ ལཱ་རོ་སངས་དགའ་ (Shri. C. Lalrosanga) དང་མཇལ་འཕྲད་ཞུས། དེ་རྗེས་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ Indian National Congress ཡི་གྲོས་ཚོགས་གོང་མའི་ Assam མངའ་སྡེའི་འཐུས་མི་ཟུར་པ་སྐུ་ཞབས་ རེ་པོན་ བྷོ་ར་ (Shri. Ripun Bora) དང་མཇལ་འཕྲད་ཞུས་ཡོད་པ་རེད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཞུ་སྐུལ་ཉིན་གསུམ་པ་གྲུབ་པ་དང་། མུ་མཐུད་ཉིན་ཤས་རིང་རྒྱལ་ས་ལྡི་ལིར་གྲོས་ཚོགས་གོང་འོག་གི་འཐུས་མི་དང་། ཕྱི་རྒྱལ་གཞུང་ཚབ་ཁག་གིས་གཙོས་པའི་གནད་ཡོད་མི་སྣར་ཞུ་སྐུལ་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་པ་རེད།།