༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ཟུར་པ་ཚེ་དབང་དངོས་གྲུབ་ལགས་ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༢༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ནས་བགྲེས་ཡོལ་སྔ་སྣུར་ཕེབས་པར་བརྟེན། དེ་རིང་ཕྱི་ཟླ་ ༢ ཚེས་ ༡ ཉིན་ཚོགས་དྲུང་ལས་ཁུངས་ནས་ཕེབས་སྐྱེལ་གསོལ་སྟོན་ཞིག་གོ་སྒྲིག་ཞུས་གནང་ཡོད།
དེ་ཡང་ཐོག་མར་ཉིན་གུང་ཆུ་ཚོད་ ༡༢།༣༠ ཐོག་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་མཆོག་གིས་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ཚོགས་དྲུང་ཟུར་པ་ཚེ་དབང་དངོས་གྲུབ་ལགས། ཚོགས་དྲུང་ལས་ཁུངས་ཀྱི་ཟུང་དྲུང་ཡན་གྱི་ལས་བྱེད་རྣམ་པ་བཅས་ཚང་འཛོམས་གནང་ཞིང་། སྐབས་དེར་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་དོན། ཚང་མས་མཁྱེན་གསལ་ལྟར། ཚོགས་དྲུང་ཟུར་པ་བགྲེས་ཡོལ་སྔ་ནུར་ཐོག་ནས་ཕེབས་ཀྱི་ཡོད་རེད། སྔར་སྲོལ་ལྟར་ལས་བྱེད་བགྲེས་ཡོལ་སོགས་ཕེབས་སྐབས་ཕེབས་སྐྱེལ་གསོལ་སྟོན་གོ་སྒྲིག་ཞུ་རྒྱུའི་ལམ་སྲོལ་ཡོད་རེད། དེ་རིང་ང་ཚོ་ཁྱུག་ཙམ་ཞིག་འཛོམས་རྒྱུའི་ལས་རིམ་བང་བསྒྲིགས་པ་ཡིན། རྩ་བའི་ང་ཚོ་གསོལ་སྟོན་མང་བ་དེ་དགོང་མོ་གོ་སྒྲིག་ཞུ་ཡི་ཡོད་ཀྱང་། དེང་སང་གཅིག་ནས་གནམ་གཤིས་གྲང་མོ་དང་། གཉིས་ནས་ནད་ཡམས་ཀྱི་དཀའ་ངལ་ཐོག་ནས་ཡར་མར་ཕེབས་རྒྱུའི་སྐུ་ངལ་ཡོད་རེད་བསམས་ནས། ང་ཚོ་དེ་རིང་ཉིན་གུང་སྐུ་ངོ་འདིར་གདན་འདྲེན་ཞུས། སྐུ་ངོ་ཚོགས་གཞོན་མཚོན་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ལས་བྱེད་བཅས་ཚང་འཛོམས་གནང་བ་ཡིན་ན་སྟབས་བདེ་བ་འདྲ་པོ་ཞིག་ཡོང་གི་རེད་བསམས་ནས་དེ་རིང་ཉིན་གུང་གསོལ་སྟོན་གོ་སྒྲིག་ཞུས་པ་ཡིན།
ཚོགས་དྲུང་ཟུར་པ་ལྟ་བུར་མཚོན་པ་ཡིན་ན། ཕྱི་ལོ་ ༡༩༨༩ ནས་ ༢༠༢༢ བར་དུ་ལོ་ ༣༣ ཙམ་ང་ཚོའི་སྒྲིག་འཛུགས་ཀྱི་དབུས་ས་གཉིས་སུ་འགན་ཁུར་ཆེན་པོ་བཞེས་གནང་བ་དང་། ལྷག་པར་དུ་སྐུ་ངོ་མཆོག་གི་ཆེད་ལས་འདྲ་པོའམ། དམིགས་བསལ་ཕྱག་ལས་མང་བ་དེ་ལས་ཁུངས་ཁག་ལ་རྩིས་དང་འབྲེལ་བའི་ཐོག་གནང་འདུག ཕྱི་ལོ་ ༢༠༢༡ ཟླ་ ༣ པའི་ནང་སྐུ་ངོ་མཆོག་ཚོགས་དྲུང་ལས་ཁུངས་སུ་ཕེབས་པ་དང་། རྩ་བའི་ཚོགས་དྲུང་ལས་ཁུངས་སུ་ཕེབས་ནས་ལོ་ ༢ མ་ཟིན་ཙམ་འགྲོ་ཡི་ཡོད་ཀྱང་། སྐུ་ངོ་དང་མཉམ་དུ་དངོས་སུ་ང་ཚོ་ཟླ་བ་ཁ་ཤས་མ་གཏོགས་ལས་ཀ་བྱས་ཡོད་མ་རེད། འདས་པའི་ལོ་ ༣༣ རིང་སྐུ་ངོ་མཆོག་ནས་ལྷག་བསམ་རྣམ་དག་གིས་རང་འཁྲིའི་ལས་གནས་ཐོག་འཐུས་ཤོར་མེད་པར་གནང་ཡོད་རེད། དེ་ཡིན་དུས་ང་ཚོའི་ངོས་ནས་སྐུ་ངོ་མཆོག་ལ་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་དང་།
དེ་བཞིན་སྐུ་ངོ་མཆོག་ལས་ཁུངས་ནས་བགྲེས་ཡོལ་སྔ་ནུར་ཕེབས་ཀྱི་ཡོད་རེད་དེ། བོད་པའི་སྤྱི་ཚོགས་ནང་གནས་བསྡད་དུས། བོད་སྤྱི་པའི་བསྟན་སྲིད་ཐོག་ལ་ཡིན་ནའང་རེད། བོད་པའི་ལས་དོན་གང་ཅིའི་ཐོག་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕྱག་ལས་གནང་རྒྱུའི་གོ་སྐབས་ཡོད་རེད་དྲན་གྱི་འདུག དེ་ཡིན་དུས་དེ་ཚོ་ཐུགས་ལ་བཅང་དགོས་པ་ཞིག་དང་། ལྷག་པར་དུ་སྐུ་ངོ་སྐུ་སྒེར་དང་། ནང་མིའི་མི་ཚེའི་བྱ་བ་གང་གནང་བ་ཡིན་ནའང་ལམ་ལྷོངས་དང་། བདེ་སྐྱིད་ལྡན་པ་ཞིག་ཡོང་བའི་རེ་བ་དང་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་གནང་རྗེས། དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་དྲུང་ཟུར་པ་ཚེ་དབང་དངོས་གྲུབ་ལགས་ལ་ཕེབས་སྐྱེལ་མཇལ་དར་དང་། གུ་རུའི་སྐུ་ཐང་ཞིག་ཕྱག་རྟགས་སུ་ཕུལ་གནང་བ་དང་། རིམ་པས་དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པས་ཕེབས་སྐྱེལ་མཇལ་དར་ཕུལ་གནང་སོང་།
དེ་རྗེས་ཚོགས་དྲུང་ཟུར་པ་ཚེ་དབང་དངོས་གྲུབ་ལགས་ཀྱིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་དོན། དེ་རིང་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་དང་། སྤྱི་འཐུས་རྒྱུན་ལས་རྣམ་པ། དེ་བཞིན་ལས་བྱེད་ཚང་འཛོམས་ཐོག་ཚོགས་དྲུང་ལས་ཁུངས་ནས་ཆེ་མཐོང་དང་ལྡན་པའི་ཐོག་ནས་གསོལ་སྟོན་ཞིག་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་རང་ཐོག་མར་ཕྱི་ལོ་ ༡༩༨༩ ལོར་སྲི་ཞུའི་ལས་བྱེད་ནང་འཛུལ་ཞུགས་གནང་བ་ནས་བགྲེས་ཡོལ་མ་ཕྱིན་བར་དྲང་བདེན་གཞི་ལ་བཞག་ནས་ལྷག་བསམ་རྣམ་དག་གི་ཐོག་ནས་ཞབས་ཕྱི་ཞུས་པ་ཡིན། ད་ལྟ་ཡིན་ནའང་བདེན་པ་དང་། འཚེ་བ་མེད་པའི་ལྟ་གྲུབ་གཞིར་བཅོལ་ནས་ལས་ཀ་བྱེད་བསྡད་ཀྱི་ཡོད། དེ་བཞིན་ལས་བྱེད་རྣམས་ནས་ཀྱང་དེ་ལྟར་གནང་ཐུབ་ན་དོགས་འདྲི་འདྲ་པོ་ཞིག་སླེབས་པ་ཡིན་ནའང་གདེང་ཚོད་དང་ལྡན་པའི་ཐོག་ནས་གསལ་བཤད་གནང་ཐུབ་རྒྱུའི་དགེ་མཚན་ཡོད་རེད་ཅེས་དང་།
དེ་བཞིན་ཚང་མས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་མཐུན་པའི་ཐོག་ནས་ཕྱག་ལས་གནང་དགོས་པ་གལ་ཆེན་པོ་ཡིན་པ་དང་། ༧གོང་ས་མཆོག་གི་ལམ་སྟོན་གཞིར་བཟུང་སོ་སོའི་ཉིན་རེའི་ལས་ཀ་རྣམས་ཧུར་ཐག་བྱས་པ་ཡིན་ན་དེ་ཡང་༧མགོན་པོ་གང་གི་བཀའ་དྲིན་རྗེས་དྲན་ཆགས་ཀྱི་ཡོད། གཞན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གྲོས་ཆོད་བཞག་པ་དང་། དེ་གཞིར་བཞག་པའི་ཐོག་ནས་འཛིན་སྐྱོང་ནས་ཀྱང་ཕྱག་ཡིག་ཐེངས་ཁ་ཤས་ཕེབས་ཡོད་རེད། གཞུང་གི་ཡིག་འབྲེལ་གནང་སྐབས་བོད་ཡིག་གཙོ་འདོན་གནང་དགོས་རེད་ཟེར་བ་དེ་ཧ་ཅང་གི་གནད་འགག་ཆེན་པོ་རེད་འདུག བོད་ཡིག་གཙོ་འདོན་གནང་དགོས་པ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་ཡིན་པས། ཚང་མས་བོད་ཡིག་ཐོག་ལ་ཤུགས་རྒྱག་དགོས་པ་གལ་ཆེན་པོ་རེད།
ང་རང་ཚོགས་དྲུང་བྱས་པའི་སྐབས་ལས་བྱེད་ཚང་མས་རང་འཁྲིའི་ལས་དོན་རྣམས་འཐུས་ཤོར་མེད་པར་ཡག་པོ་གནང་ཡོད་རེད། མཉམ་སྤུངས་ཀྱི་ལས་ཀའི་སྐབས་ཚང་མ་ཧྲ་ཐག་ཐག་བྱས་ནས་ཕེབས་མཁན་ཤ་སྟག་རེད། ད་དུང་ཡིན་ནའང་ལས་བྱེད་རྣམ་པས་མུ་མཐུད་དེ་ལྟར་གནང་རྒྱུའི་རེ་བ་ཡོད་ཅེས་དང་། གཞན་ཡང་སྐུ་ངོ་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ནང་འཛུལ་ཞུགས་གནང་སྐབས་ཀྱི་གནས་སྟངས་སྐོར་སོགས་གསུངས་གནང་རྗེས་སྐུ་པར་ལྷན་རྒྱས་བསྒྲོན་པ་དང་། དེ་རྗེས་ཉིན་གུང་གསོལ་སྟོན་བཤམས་གནང་ཡོད་པ་བཅས། །