བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པར་འཚམས་འདྲིའི་གསོལ་ཚིགས་ཤིག་འདེགས་འབུལ་དང་འབྲེལ་ཚོགས་འདུ་ཞིག་ཚོགས་ཏེ། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དངོས་སུ་སླར་གསོ་གནང་རྗེས། ཉེ་ཆར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་ཆབ་སྲིད་སློབ་སྟོན་པས་ཐེངས་དེའི་འཚམས་འདྲིའི་གསོལ་ཚིགས་ཐོག་ཆེད་ཕེབས་གནང་བའི་རྒྱ་གར་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་ཡི་གེ་བཏང་ཡོད་འདུག

སྤྱིར་ལོ་རྒྱུས་ཐོག་བོད་དེ་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་ཡང་། རྒྱ་ནག་དམར་གཞུང་གིས་ཁྲིམས་འགལ་ཐོག་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས། རྒྱ་གཞུང་གི་དྲག་གནོན་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་ནང་ཡོད་པའི་བོད་མི་རྣམས་རྒྱུན་ཆད་མེད་པར་མནར་གཅོད་མྱངས་དང་མྱོང་བཞིན་ཡོད་པ་མ་ཟད། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་དབང་མེད་པ་སོགས་བོད་ནང་གི་གནས་སྟངས་ནི་ཧ་ཅང་གི་ཡ་ང་བ་ཞིག་ཆགས་ཡོད། དེར་བརྟེན། “བོད་ཀྱི་གནད་དོན་ནི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཡིན་” ཞེས་རྒྱ་གཞུང་གིས་རྒྱུན་ཏུ་བཤད་པ་ལྟར་མིན་པར། བོད་མི་རིགས་ཀྱི་ཆགས་འཇིག་གི་གནད་དོན་ཞིག་ཆགས་ཀྱི་ཡོད་པ་གསལ་པོ་རེད། རྒྱ་ནག་དམར་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་ཁག་རྩིས་མེད་རྡོག་རོལ་དང་། དེ་བཞིན་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་དབང་བསྒྱུར་ཐབས་བྱས་དང་བྱེད་བཞིན་པ་ནི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་དོ་སྣང་དང་ཐུགས་འཚབ་བྱ་ཡུལ་ཞིག་ཆགས་དགོས་ཀྱི་ཡོད། རྒྱ་ནག་གཞུང་གིས་དཔལ་འབྱོར་ཡར་རྒྱས་ལ་ཁ་གཡར་ནས་སོ་སོའི་ཁེ་ཕན་བསྒྲུབ་ཆེད། བོད་ཀྱི་ཁོར་ཡུག་དང་། ཆོས། སྐད་ཡིག རིག་གཞུང་། བོད་མིའི་ངོ་བོ་སོགས་འཆར་གཞི་དང་ལྡན་པའི་སྒོ་ནས་རྩ་མེད་བཟོས་དང་བཟོ་བཞིན་ཡོད་པ་མ་ཟད། ད་ཆ་རྒྱ་གར་གཙོས་པའི་རང་དབང་ལྡན་པའི་རྒྱལ་ཁབ་ཁག་ལའང་དྲག་པོའི་དབང་ཤུགས་ངོམ་བཞིན་ཡོད། རྒྱ་གཞུང་གིས་ཁྲིམས་འགལ་ཐོག་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པར་བརྟེན། བོད་མི་མང་པོ་ཞིག་སོ་སོའི་རང་ཡུལ་བཞག་སྟེ་བཙན་བྱོལ་ལ་མི་འགྲོ་ཐབས་མེད་ཀྱིས་རྒྱ་གར་སོགས་བཙན་བྱོལ་ནང་སླེབས་ཡོད་ཀྱང་། རྒྱ་གཞུང་ནས་མུ་མཐུད་རང་དབང་རྒྱལ་ཁབ་ཁག་གི་ནང་ཡོད་པའི་བོད་མི་རྣམས་ཀྱི་ལས་དོན་ཁག་ལ་རྟག་ཏུ་དོགས་ཟོན་དང་གསང་བའི་ཐོག་ནས་བྱ་ར་བྱེད་བཞིན་ཡོད། ད་རེས་རྒྱ་གར་གྲོས་ཚོགས་འཐུས་མི་རྣམ་པར་ཡི་གེ་བཏང་བ་དེས། བོད་དོན་ཐོག་རྒྱལ་སྤྱིའི་ནང་རྒྱབ་སྐྱོར་ཚད་མཐོ་རུ་འགྲོ་དུས་རྒྱ་ནག་གཞུང་རང་བཞིན་གྱིས་དངངས་འཚབ་ལངས་ཀྱི་ཡོད་པ་གསལ་པོ་བསྟན་ཡོད། སྤྱིར་རང་དབང་རྒྱལ་ཁབ་ཁག་ནང་ཡོད་པའི་དབུ་འཁྲིད་རྣམ་པར་བོད་དོན་བདེན་པའི་རྩ་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་སོ་སོའི་ཐོབ་ཐང་དང་། འགན་འཁྲི་ཡོད་པ་དང་།  རྒྱ་ནག་གཞུང་གི་བྱེད་ཕྱོགས་དེར་ང་ཚོས་མཐའ་གཅིག་ཏུ་སྐྱོན་བརྗོད་བྱེད་ཀྱི་ཡོད།

རྒྱ་ནག་གཞུང་ནས་ད་བར་དེ་འདྲ་བའི་བྱེད་སྟངས་མང་པོ་ཞིག་བྱས་ཡོད་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་ད་རེས་རྒྱ་ནག་གཞུང་གི་བྱེད་སྟངས་དེ་ཧང་སངས་དགོས་པའི་གནད་དོན་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། རྒྱ་གཞུང་ནས་སླར་ཡང་ “བོད་མིའི་སྒྲིག་འཛུགས་ནི་ཁ་བྲལ་བ་” རེད་ཅེས་བརྗོད་ཡོད་ཀྱང་། དོན་དངོས་སུ་བོད་མིའི་སྒྲིག་འཛུགས་ནི་བོད་དང་། འཛམ་གླིང་གང་སར་གནས་པའི་བོད་མིའི་ཁྲིམས་མཐུན་གྱི་མགྲིན་ཚབ་པ་ཞིག་ཡིན། བོད་མིའི་སྒྲིག་འཛུགས་ནས་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། རིག་གཞུང་། ངོ་བོ་སོགས་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་བ་ཁག་གི་ཐོག་འཛམ་གླིང་རྒྱལ་ཁབ་མང་པོས་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་ཡོད་པ་མ་ཟད། འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་བའི་ཐོག་ནས་བོད་དོན་བདེན་མཐའ་གསལ་རྒྱུའི་ལས་འགུལ་སྤེལ་དང་སྤེལ་བཞིན་པར་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བསྔགས་བརྗོད་བྱེད་བཞིན་ཡོད། རྒྱ་ནག་དམར་གཞུང་གིས་བཙན་ཤེད་དང་། དྲིལ་བསྒྲགས་རྫུན་མ་ཤུགས་ཆེར་སྤེལ་དང་སྤེལ་མུས་ལ་བརྟེན། ད་ལྟའི་དུས་ཚོད་འདིར་འཛམ་གླིང་རྒྱལ་ཁབ་སུ་འདྲ་ཞིག་ཡིན་ཡང་། རྒྱ་གཞུང་གི་ཁུངས་ལུང་མེད་པའི་སྐད་ཆར་ཡིད་ཆེས་བྱེད་ཐབས་བྲལ་བ་རེད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་ནག་གཞུང་དང་ལྷན་ཕན་ཚུན་འདྲ་མཉམ་དང་། ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་རྒྱ་ཞི་མོལ་ཡོང་ཐབས་ལ་དགའ་བསུ་ཞུ་གི་ཡོད།