བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱ་གར་གཞུང་མང་ལ་བོད་དོན་ཞུ་སྐུལ་ཚོགས་ཆུང་གིས་ལྷོ་ཕྱོགས་ཁུལ་དུ་ལས་འགུལ་མུ་མཐུད་ནས་སྤེལ་བཞིན་པ།

 

ཕྱི་ལོ་༢༠༡༣  ཟླ༡  ཚེས་༦ ཉིན་རྒྱབ།  སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱ་གར་གཞུང་མང་ལ་ཞུ་སྐུལ་ཚོགས་ཆུང་གིས་རྒྱ་གར་ལྷོ་ཕྱོགས་ཨན་རྡི་ར་པ་རྡེ་ཞི་མངའ་སྡེ་གྲོང་ཁྱེར་ཧེ་རྡར་སྦ་རྡིར་ཨ་རྗི་ན་རི་སྒྲི’མཆོག་དང་མཇལ་འཕྲད་བྱས་ཤིང་།  ཁོང་ནི་༸གོང་ས་མཆོག་ལ་དད་གུས་ཆེ་བའི་ནང་པ་ཞིག་ཡིན་པ་དང་།  མངའ་སྡེའི་ཉེན་རྟོག་དཔོན་གནང་མྱོང་བ་དང་།   མི་མང་གི་བརྩི་མཐོང་ཆེན་པོ་ཡོད་མཁན་ཞིག་ཡིན་པ་ཁོང་གིས་མངའ་སྡེ་སྤྱི་ཁྱབ་བློན་ཆེན་དང་མཇལ་འཕྲད་ཀྱི་དུས་ཚོད་བཟོས་གནང་བར་མ་ཟད།  མངའ་སྡེ་མི་སྣ་སུ་དང་གང་ལ་ཐུག་དགོས་མིན་སོགས་ལམ་སྟོན་གནང་།   ཕྱི་ཚེས་༧ ཉིན་གྱི་སྔ་དྲོར་སྤྱི་ཁྱབ་བློན་ཆེན་དང་མཇལ་ཏེ།  ཡིག་ངག་གཉིས་ཐོག་ནས་བོད་དོན་སྤྱི་དང་བྱེ་བྲག་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་ངོ་སྤྲོད་དང་འབྲེལ་རྒྱབ་སྐྱོར་ཡོང་རེ་ཞུས་པར།   ཁོང་གིས་གནད་དོན་འདི་དག་དབུས་གཞུང་གི་སྙན་སར་འཕྲོད་ངེས་ཞུ་རྒྱུ་དང་དབུས་ལ་འབྲེལ་བ་ཤུགས་ཆེར་གནང་དགོས་གལ་སོགས་གསུངས་པར་མ་ཟད། མངའ་སྡེ་ནང་ཚོགས་སྡེ་ཕན་ཚུན་དབར་རྙོག་གླེང་དང་།   མི་མང་གིས་ངོ་རྒོལ་ཤུགས་ཆེན་ཡོང་བཞིན་པའི་མཛད་བྲེལ་ལ་མ་གཟིགས་པར་བོད་དོན་ཐོག་ཐུགས་སྣང་ཆེན་པོས་མཇལ་འཕྲད་གནང་བ་དང་། ཉིན་དེར་མངའ་སྡེ་གྲོས་ཚོགས་འཐུས་མི་གསུམ་ཆེད་འགུག་གནང་འདུག

ཕྱི་དྲོར་མངའ་སྡེ་གཞུང་འཛིན་ཀོང་རི་སིའི་ཚོགས་པའི་སྤྱི་ཁྱབ་ལས་ཁུངས་སུ་བཅར་བར་གནས་ལེན་དང་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་བསྟན་པ་དང་། དེའི་རྗེས་ཕྱོགས་འགལ་བྷི་རྗི་སྦེའི་ཚོགས་པར་མཇལ་བཅར་སྐབས།   ཁྱེད་རང་ཚོས་དུས་ཚོད་མང་ཤོས་ཚོགས་སྡེ་གལ་ཆེན་གཞན་དང་གཞན་ལ་གཏང་དགོས་པ་དང་། ང་ཚོའི་འདིར་ངེས་པར་དུ་བཅར་མི་དགོས།  ང་ཚོས་ནམ་ཡང་ཁྱེད་རང་ཚོ་ལ་རྒྱབ་སྐྱོར་ཡོད་ཡོད་པ་རེད།  དེར་འགྱུར་བ་གང་ཡང་ཡོད་མ་རེད་བཅས་གསུངས་པར་མ་ཟད།    ཆེ་མཐོང་མཚོན་ཆེད་སྟོད་དར་ཕུལ་བ་སོགས་སྣེ་ལེན་གཟབ་རྒྱས་གནང་།  ཕྱི་ཚེས་༨ ཉིན་གྱི་སྔ་དྲོར་རྒྱ་གར་དབུས་གཞུང་གི་སྤྱི་འཐུས་པུར་ཤོ་ཏམ་རུབ་པ་ལ་མཆོག་དང་མཇལ་འཕྲད་ཀྱིས་སྔར་བཞིན་ཞུ་སྐུལ་ཞུས་པ་དང་། ཁོང་གི་རྒྱ་གར་དབུས་ས་གཉིས་ཀྱིས་ཁྱེད་རང་ཚོ་ལ་རྒྱབ་སྐྱོར་ཡོད་ཡོད་པ་རེད།  དེ་ལ་སེམསཁྲལ་དགོས་པ་མ་རེད། ཁྱེད་རང་ཚོ།   རྒྱུ་འབྲས་མེད་པའི་ཁ་གཏད་སྡུག་པོ་ཞིག་དང་ཐུག་ཡོད་པས་གཙོ་བོ་རྒྱལ་སྤྱིའི་གནོན་ཤུགས་གལ་ཆེན་པོ་རེད་ཅེས་གསུངས་།

ཉིན་རྒྱབ་ཀྲི་ཀྲི་པེའི་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་བཅར་བར།  ལས་ཁུངས་སྒོ་རྩར་གསར་འགོད་པ་ཉི་ཤུ་ལྷག་ཙམ་ཞིག་སྔོན་ཚུད་ནས་སླེབས་ཏེ། སྒུག་འདུག་པར་གཏམ་བཤད་དང་།   ཕྱི་ཚེས་༡༠ ཉིན།  ང་ཚོས་གསར་འགོད་ལྷན་ཚོགས་བསྐོང་བཞིན་ཡོད་པས་དེར་ཡོང་ཐུབ་པར་འབོད་སྐུལ་ཞུས་ཤིང་།  ཀྲི་ཀྲི་པེའི་ལས་ཁུངས་ནང་འབྱོར་སྐབས་ཀྱང་།  གསར་འགོད་པ་མང་པོས་བརྙན་འཕྲིན་དང་པར་ཆས་བཟུང་ནས་སླེབས་འདུག་པར།  དབུས་རྒྱུན་ཞིག་གིས་གསར་འགོད་པར་ཁྱེད་རྣམས་ཀྱི་སྒོ་བརྒྱབ་ནས་སྒུག་དགོས་པ་དང་།  ང་ཚོའི་ལས་རིམ་གྲུབ་མཚམས་ཕྱི་ལོགས་ནས་ཁོང་རྣམས་དང་མཇལ་ངེས་རེད་གསུངས། ང་ཚོ་ཕྱིར་འབྱོར་སྐབས་གསར་འགོད་པ་ཚོས་སྔར་བཞིན་རུ་སྒྲིག་ནས་སྒུག་འདུག་པར།  ང་ཚོས་བོད་དོན་ངོ་སྤྲོད་དང་།  ཚོགས་པའི་མེས་པོ་གོང་མའི་འཇིམ་སྐུ་ཆེན་པོ་ཞིག་ཡོད་པའི་མདུན་ནས་ཚོགས་གཙོ་དང་རྒྱུན་ལས་རྣམས་ཀྱིས་འབོད་སྐུལ་གནང་དོན་བཞིན་སྨོན་ལམ་མདོར་བསྡུས་ཤིག་གསུངས་ཏེ།   བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཞུས་ཡོད།