བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༠ པའི་ལས་དོན་མཇུག་བསྒྲིལ་བ།

 

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༣༠ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༠ པས་བཙན་བྱོལ་བོད་གཞུང་ལས་ཁུངས་མ་ལག་དང་། ཟུར་སྐྱོང་སྡེ་ཚན་དང་བཅས་པའི་སྡེ་ཚན་གྲངས་ ༢༠༡ གི་གཙོ་བོ་རྩིས་ལོ་ ༢༠༡༦་་་༡༧ ལོའི་རྩིས་ཞིབ་སྙན་ཐོ་དང་དེ་དག་གི་ལན་འདེབས་བཅས་ལ་ཞིབ་འཇུག་དང་། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༩ པའི་སྙན་ཐོར་འཛིན་སྐྱོང་ནས་མཇུག་སྐྱོང་བྱས་ཟིན་པ་རྣམས་ལ་ཟླ་བ་བཅུ་གཅིག་ཙམ་རིང་ཞིབ་འཇུག་གིས་མུ་མཐུད་མཇུག་སྐྱོང་དགོས་རིགས་སྙན་ཐོར་འགོད་རྒྱུ་སོགས་ལེགས་གྲུབ་ཀྱིས་ལས་དོན་མཐའ་དག་མཇུག་བསྒྲིལ་གནང་ཡོད།

དེ་ཡང་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། ཚོགས་དྲུང་སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག ཚོགས་མི་སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག ཚོགས་མི་སྤྱི་འཐུས་བསམ་གཏན་ཆོས་སྒྲོན་མཆོག ཚོགས་མི་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་བཅས་ལས་གྲུབ་པའི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༠ པས་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༡ ཉིན་ལས་དོན་འགོ་འཛུགས་ཀྱིས་དེ་ཉིན་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་ལ་རྩིས་ལོ་ ༢༠༡༦་་་༢༠༡༧ ལོའི་རྩིས་ཞིབ་ཟིན་པ་དང་། རྩིས་ཞིབ་ཟིན་ལ་ཉེ་བ། རྩིས་ཞིབ་མ་ཟིན་པ་བཅས་ཀྱི་ཐོ་གཞུང་དགོས་གནས་ཡིག་ཆུང་ཕུལ་དོན་ལྟར། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་ནས་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༦ ཉིན་རྩིས་ཞིབ་ཟིན་པའི་ལས་ཁུངས་སམ་སྡེ་ཚན་ཁག་ ༢༥༨ དང་རྩིས་ཞིབ་ཟིན་ལ་ཉེ་བ་ ༡། རྩིས་ཞིབ་ཟིན་ཡང་སྙན་ཐོ་གཏོང་བསྡད་ ༥། རྩིས་ཞིབ་མ་ཐུབ་པའི་སྡེ་ཚན་ ༤  བཅས་ཀྱི་ཐོ་གཞུང་འབྱོར་བ་ཁག་དང་། ལོ་མང་རིང་རྩིས་སྙན་ལན་འདེབས་མ་འབྱོར་བར་ཕུང་གསོག་ཐེབས་པའི་སྡེ་ཚན་ཁག་ ༤༩ བཅས་ལ་གཟིགས་ཞིབ་གནང་ཡོད་པ་དང་། དེའི་ནང་གི་རྩིས་སྙན་ལན་འདེབས་མེད་པའི་ལས་ཁུངས་སམ་སྡེ་ཚན་ཁག་དབྱེ་བསལ་གྱིས་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༧ ཉིན་ལྷན་ཁང་སོ་སོར་དུས་བཀག་རྒྱས་བཅད་ནང་རྩིས་སྙན་ལན་འདེབས་ཁག་འབྱོར་དགོས་པའི་བཀོད་ཁྱབ་བཏང་གནང་བ་དང་། རྩིས་སྙན་ལན་འདེབས་འབྱོར་ཟིན་པ་རྣམས་ལ་རིམ་བཞིན་ཞིབ་འཇུག་གིས་ཁྱོན་དུས་ཐོག་རྩིས་སྙན་ལན་འདེབས་འབྱོར་བའི་ལས་ཁུངས་སམ་སྡེ་ཚན་ཁག་གྲངས་ ༢༠༡ གི་རྩིས་སྙན་དང་། རྩིས་སྙན་ལན་འདེབས། དོགས་འདྲིའི་ལན་འདེབས། གསལ་བཤད། ཟུར་སྦྱར་དང་བཅས་པར་གཟིགས་ཞིབ་ཀྱིས་རྩིས་སྙན་ཁག་ལ་མཇུག་གནོན་བྱུང་བ་དང་། མཇུག་གནོན་གནང་མུས། སྐྱོན་གནད་སོགས་གྲངས་ ༢༧༠༤ ལ་ཞིབ་འཇུག་གིས་ཐག་གཅོད་གནང་ཡོད་འདུག

ཚོགས་ཆུང་གིས་ལས་དོན་སྐབས་འབྲེལ་ཡོད་ལས་ཁུངས་སམ་སྡེ་ཚན་ཁག་ ༡༤༡  ལ་ཡིག་ཐོག་ནས་དྲི་བ་མི་འདྲ་བ་ ༦༩༠ དང་། སྡེ་ཚན་ཁག་གི་འགན་འཛིན་དང་། དྲུང་ཆེ། དེ་བཞིན་རྩིས་ཞིབ་དང་ནང་ཞིབ་བཅས་ཀྱིས་མཚོན་པའི་འབྲེལ་ཡོད་ལྷན་ཁང་ཁག་གི་རྩིས་པ་སོགས་ཚོགས་ཆུང་དུ་ཆེད་འགུགས་ཀྱིས་འདྲི་རྩད་ཞུས་པ་དང་། ཕྱི་ཟླ་ ༣ ཚེས་ ༢༤ ནས་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་རྐྱེན་པས་འབྲེལ་ཡོད་ལས་བྱེད་རྣམས་ལ་ཞལ་པར་བརྒྱུད་འདྲི་རྩད་ཞུ་རྒྱུ་གཙོ་འདོན་གནང་ཡོད་འདུག

དཔལ་ལྡན་ཚོགས་གཙོ་སྦྲེལ་པོའི་ལམ་སྟོན་དང་། དམིགས་བསལ་རྩིས་ཞིབ་སྙན་ཐོ་གཞིར་བཞག་ནས་ཞིབ་འཇུག་གིས་ཐག་གཅོད་དང་ལམ་སྟོན་ཇི་བྱས་ཀྱི་གྲུབ་འབྲས་གནས་སྟངས་ཀྱི་སྙན་ཐོ་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་བརྒྱུད་གྲོས་ཚོགས་ཚོགས་དུས་ ༡༠ པར་འབུལ་རྒྱུ་ཡིན་འདུག་པ་དང་། ཚོགས་ཆུང་གི་སྙན་ཐོ་ཤོག་གྲངས་ ༢༢༡ ཡོད་པར་ཚོགས་ཆུང་གི་རྒྱབ་གཉེར་དང་མུ་མཐུད་མཇུག་སྐྱོང་དགོས་པ་དོན་ཚན་གྲངས་ ༨༢༠ ཡོད་འདུག་པ་བཅས། །

 

Menu