བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་དོན་རྒྱབ་སྐྱོར་བ་རྙིང་གྲས་སྐུ་ཞབས་ཨོ་པི་ཊན་ཌོན་མཆོག་སོགས་ལ་སྣེ་ལེན་ཞུས་པ།


༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༠ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༡༩༩༤ ལོར་ཐོག་མར་གསར་འཛུགས་གནང་བའི་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐོག་མ་དང་། རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རྟེན་གཞི་བྱས་པའི་འཚེ་མེད་ཞི་བའི་དགེ་རྩ་ཚོགས་པ་ (Foundation for Non-violent Alternatives) ཞེས་པའི་བསྟི་གནས་ཁང་གི་དགེ་རྩའི་མ་དངུལ་དོ་དམ་པ་སྐུ་ཞབས་ཨོ་པི་ཊན་ཌོན་ (O.P Tandon) མཆོག་དང་། རྒྱ་གར་དབུས་གཞུང་གི་དྲུང་ཆེ་ཟུར་པ་དང་། དགེ་རྩའི་མ་དངུལ་དོ་དམ་པ་སྐུ་ཞབས་ཀིར་ཤན་ཝར་མ་ (Krishan Verma, Fromer Special Secretary,Cabinet Secretariat,Govt.of India) ལགས། ཆེས་མཐོའི་རྩིས་ཞིབ་པ་སྐུ་ཞབས་ས་མིར་མ་ནོ་ཅཱ་ (Samir Manocha,CA) ལགས་བཅས་བཞུགས་སྒར་རྡ་སར་ཉིན་གསུམ་རིང་བོད་ཀྱི་ཐེབས་རྩའི་ལས་དོན་དང་འབྲེལ་བའི་ཐོག་ཕེབས་པ་དང་བསྟུན། དེ་ཉིན་ཕྱི་དྲོ་ཆུ་ཚོད་ ༣།༠༠ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཁོང་གི་ལས་ཁུངས་སུ་སྣེ་ལེན་མཇལ་འཕྲད་གནང་སོང་།

མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཁོང་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་འཚམས་འདྲི་དང་སྦྲགས། ཡུན་རིང་བོད་དོན་ཐོག་རྒྱབ་སྐྱོར་གནང་བ་དང་། ལྷག་པར་དུ་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ ཡིས་རྐྱེན་པས་འཛམ་གླིང་གང་སར་དཀའ་ངལ་ཕྲད་དང་འཕྲད་བཞིན་པའི་སྐབས་འཚེ་མེད་ཞི་བའི་དགེ་རྩ་ཚོགས་པའི་ངོས་ནས་དྲྭ་ལམ་བརྒྱུད་རྒྱ་དཀར་ནག་ས་མཚམས་རྩོད་རྙོག་དང་འབྲེལ་བོད་དོན་སྐོར་ལ་བགྲོ་གླེང་ལྷན་ཚོགས་རིམ་པ་ཚོགས་གནང་བར་དམིགས་བསལ་ཐུགས་རྗེ་ཆེ་ཞུས་གནང་རྗེས།

རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པར་བརྟེན་བོད་མི་རྣམས་མི་བཟོད་པར་ད་བར་བོད་མི་གྲངས་ ༡༥༤ ཡིས་རང་ལུས་མེར་བསྲེགས་ཕུལ་བའི་སྐོར་དང་། རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་བཙན་ཤེད་ཐོག་ངལ་རྩོལ་བསྒྱུར་བཀོད་བྱེད་བཅུག་གི་ཡོད་པ། བོད་ས་དེ་ནི་རྒྱ་ནག་གི་དམག་ས་ལྟ་བུ་ཆགས་ཡོད་སྐོར་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་པར་བསྐྲུན་ཞུས་པའི་དཔེ་དེབ་རྣམས་རེ་རེ་བཞིན་ངོ་སྤྲོད་དང་སྦྲགས་ཁོང་རྣམས་ལ་ཕུལ་གནང་བ་དང་། སྐུ་ཞབས་ཨོ་པི་ཊན་ཌོན་མཆོག་གིས་གཙོས་ཁོང་རྣམ་པས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་སྒྲིག་སོགས་ཡིག་ཆ་ཁག་པར་བསྐྲུན་དང་གྲ་སྒྲིག་ཡག་པོ་གནང་འདུག་ཅེས་བསྔགས་བརྗོད་སོགས་གནང་རྗེས། ཁོང་རྣམས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་ཕེབས་གནང་སོང་།

དེ་ཉིན་ཕྱི་དྲོ་ཆུ་ཚོད་ ༧ པའི་ཐོག་རྡ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་འཚེ་མེད་ཞི་བའི་དགེ་རྩ་ཚོགས་པའི་མ་དངུལ་དོ་དམ་པ་སྐུ་ཞབས་ཨོ་པི་ཊན་ཌོན་མཆོག་སོགས་ལ་དགོང་དྲོའི་གསོལ་སྟོན་ཞིག་གོ་སྒྲིག་ཞུས་གནང་ཡོད་པ་དང་། སྐབས་དེར་སྐུ་མགྲོན་རྣམ་པ་གསུམ་དང་། དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་ཁག་ཅིག ཚོགས་དྲུང་ལས་ཁུངས་ཀྱི་ཟུང་དྲུང་ཚེ་བརྟན་སྐལ་བཟང་ལགས་བཅས་ཚང་འཛོམས་ཀྱིས་ཐོག་མར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཁོང་རྣམས་ལ་སྤྱི་འཐུས་རྒྱུན་ལས་རྣམ་པ་རེ་རེ་བཞིན་ངོ་སྤྲོད་གནང་བ་དང་།

དེ་ནས་འཚེ་མེད་ཞི་བའི་དགེ་རྩ་ཚོགས་པའི་མ་དངུལ་དོ་དམ་པ་སྐུ་ཞབས་ཨོ་པི་ཊན་ཌོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྣེ་ལེན་གཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུས་དང་འབྲེལ། བོོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་ཐོག་མར་གསར་འཛུགས་གནང་སྐབས་སྐུ་ཞབས་ཁོང་ཇི་ལྟར་འགན་འཛིན་དུ་བསྐོ་གཞག་བྱུང་ཚུལ་དང་། ཁོང་གིས་འགན་འཛིན་གནང་བའི་སྐབས་མང་གཙོའི་འཆར་སྣང་ (Democratic Vision) ཞེེས་པའི་དཔེ་དེབ་དང་། དེ་བཞིན་བོད་ཀྱི་ལོ་རྒྱུས། (A history of Tibet) འབྱུང་འགྱུར་བོད་ཀྱི་བསམ་པའི་འཆར་སྣང་། (Tibet: A Future Vision ) ༧གོང་ས་མཆོག་གི་བཀའ་སློབ་ཕྱོགས་སྒྲིག ཆབ་སྲིད་ཀྱི་ལྟ་གྲུབ་སོགས་ཀྱི་དཔེ་དེབ་ཁྱོན་ ༡༤ ཙམ་པར་བསྐྲུན་ཞུས་པའི་སྐོར་དང་། ཆབས་ཅིག་བཙན་བྱོལ་ནང་ཡོད་པའི་བོད་པའི་དགེ་རྒན་རྣམ་པ་དང་། ལས་འགུལ་སྣེ་འཁྲིད་རྣམ་པ་སོགས་ལ་ཟབ་སྦྱོང་དང་། བགྲོ་གླེང་ཚོགས་འདུ་མང་པོ་གོ་སྒྲིག་ཞུས་སྐོར། མདོོར་ན་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་དེ་ཉིད་སྐབས་དེར་གཞུང་གི་ལས་ཁུངས་ཙམ་མིན་པར་བོད་དོན་ལས་འགུལ་གྱི་བསྟི་གནས་ཤིག་ཡིན་སྐོར་གསུངས་པ་དང་།

གཞན་ཡང་ཁོང་བོད་མིའི་སྒྲིག་འཛུགས་ཀྱི་ཐོག་མའི་ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་ནང་ལས་འགན་བཞེས་སྐོར་དང་། རྒྱ་གར་རང་བཙན་ཐོབ་ནས་ལོ་ངོ་ ༥༠ འཁོར་བའི་དུས་ཆེན་སྐབས་ཐང་གའི་སྒྱུ་སྩལ་འགྲེམས་སྟོན་གནང་བའི་སྐོར། ཕྱིས་སུ་ཁོང་གིས་ལྡི་ལིར་འཚེ་མེད་ཞི་བའི་དགེ་རྩ་ཚོགས་པ་ (Foundation for Non-violent Alternatives) གསར་འཛུགས་གནང་སྟེ། ཧི་མ་ལ་ཡའི་ཆུའི་ཐོག་འཛིན་པའི་སྲིད་བྱུས་དང་། དེ་འབྲེལ་དཀའ་ངལ་བཅས་ལ་ཉམས་ཞིབ་གནང་རྒྱུ་སོགས་དང་། དེ་བཞིན་ཚོགས་པའི་ངོས་ནས་མཐོ་སྒང་བོད་ཀྱི་ཁོར་ཡུག་གནས་བབ་ (The state of ecology of Tibetan plateau) ཅེས་པའི་དཔེ་དེབ་སོགས་པར་བསྐྲུན། རྒྱ་གར་ཤེས་ཡོན་ཅན་དང་། རྒྱ་རིགས་ཤེས་ལྡན་མི་སྣ། བོད་རིགས་ཤེས་ཡོན་ཅན་སོགས་ཀྱི་དབར་བགྲོ་གླེང་ལྷན་ཚོགས་གོ་སྒྲིག་གནང་རྒྱུ་སོགས་ཀྱི་ལས་ཀ་གནང་གི་ཡོད་པ་དང་། ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་ཡོད་པའི་སྐབས་སུའང་ཁོང་རྣམས་ནས་བོད་ཀྱི་ད་ལྟའི་གནས་བབ་དང་། རྒྱ་ནག་གི་རྒྱ་བསྐྱེད་རིང་ལུགས་ཀྱི་སྲིད་བྱུས། རྒྱ་གར་གཞུང་གིས་བོད་དང་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་གལ་སོགས་ཀྱི་བརྗོད་གཞིའི་ཐོག་དྲྭ་ལམ་བརྒྱུད་བགྲོ་གླེང་ལྷན་ཚོགས་གོ་སྒྲིག་ཞུས་དང་ཞུ་བཞིན་པ་སོགས་བོད་དོན་ཐོག་མུ་མཐུད་ཕྱག་ལས་གནང་གི་ཡོད་སྐོར་གསུངས་གནང་སོང་།

རྒྱ་གར་དབུས་གཞུང་གི་དྲུང་ཆེ་ཟུར་པ་དང་། འཚེ་མེད་ཞི་བའི་དགེ་རྩ་ཚོགས་པའི་དགེ་རྩའི་མ་དངུལ་དོ་དམ་པ་སྐུ་ཞབས་ཀིར་ཤན་ཝར་མ་ལགས་ཀྱིས་དཔལ་ལྡན་ཚོགས་གཞོན་མཆོག་དང་། སྤྱི་འཐུས་རྣམ་པས་དུས་ཚོད་བཏང་ནས་ཁོང་རྣམས་ལ་སྣེ་ལེན་མཇལ་འཕྲད་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། སྤྱི་འཐུས་རྣམ་པ་མཇལ་བར་དགའ་སྤོབས་ཆེན་པོ་བྱུང་ཞེས་གསུངས་པ་དང་སྦྲགས། སྐུ་ཞབས་ཁོང་བོད་ཀྱི་གནད་དོན་ཐད་ཤེས་རྟོགས་བྱུང་ནས་ལོ་ངོ་ ༤༠ ལྷག་འགྲོ་གི་ཡོད་པ་དང་། དེ་བཞིན་ཁོང་རྒྱ་གར་གཞུང་གིས་དེ་སྔོན་རྒྱ་ནག་ནང་ལས་གནས་བསྐོ་གཞག་གནང་བ་དང་། དངོས་སུ་བོད་དང་། ཕོ་བྲང་པོ་ཏཱ་ལའི་ནང་གཟིགས་སྐོར་ཕེབས་མྱོང་ཡོད་པ། བོད་ཀྱི་གནད་དོན་ཐོག་ལ་དོ་སྣང་ཆེན་པོ་ཡོད་ཅེས་གསུངས་པ་དང་། གཞན་ཡང་ཁོང་གིས་བོད་ཀྱི་གནད་དོན་ནི་རྒྱལ་སྤྱིའི་ཆབ་སྲིད་སྡིངས་ཆ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནང་དོ་སྣང་ཆེན་པོ་བྱེད་དགོས་པའི་གནད་དོན་ཞིག་ཡིན་པ་སོགས་གསུངས་གནང་སོང་།

ཆེས་མཐོའི་རྩིས་ཞིབ་པ་སྐུ་ཞབས་ས་མིར་མ་ནོ་ཅཱ་ལགས་ཀྱིས་ཁོང་ཉིད་དེ་རིང་འདུ་འཛོམས་ཐོག་མཉམ་ཞུགས་གནང་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་སྐོར་དང་། ཁོང་ཉིད་དངུལ་རྩིས་དང་འབྲེལ་བའི་ཕྱག་ལས་གནང་མཁན་ཞིག་ཡིན་སྟབས། དངུལ་རྩིས་དང་འབྲེལ་བའི་དཀའ་ངལ་བྱུང་ཚེ་ག་དུས་ཡིན་ནའང་འབྲེལ་བ་གནང་ན་རོགས་པ་གནང་གི་ཡིན་ཞེས་གསུངས་རྗེས། སྤྱི་འཐུས་རྣམ་པ་དང་། སྐུ་མགྲོན་རྣམ་པའི་དབར་གནད་དོན་འདྲ་མིན་ཐོག་བཀའ་བསྡུར་གནང་སོང་།

གཞན་ཡང་སྐབས་དེར་ཁོང་རྣམ་པས་མ་འོངས་པར་འཚེ་མེད་ཞི་བའི་དགེ་རྩ་ཚོགས་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཟུང་སྦྲེལ་ཐོག་བགྲོ་གླེང་སོགས་གོ་སྒྲིག་གནང་རྒྱུའི་དགོངས་འཆར་ཕུལ་བ་གཞིར་བཟུང་དེ་ལྟར་མ་འོངས་པར་གནང་རྒྱུ་གནང་བ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་གར་གཞུང་དང་། སྲིད་བྱུས་བཟོ་མཁན་རྣམས་ལ་གནད་དོན་རིགས་ཞུ་དགོས་བྱུང་ཚེ། ཁོང་རྣམས་ལ་འབྲེལ་བ་གནང་རོགས་ཞེས་དང་། འབྲེལ་བ་གནང་ན་མཐུན་འགྱུར་གང་ཐུབ་ཞུ་རྒྱུའི་ཞལ་བཞེས་གནང་སོང་།

མཐར་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཁོང་རྣམས་ལ་སངས་རྒྱས་ཀྱི་སྐུ་ཐང་རེ་སོ་སོར་ཕྱག་རྟགས་སུ་ཕུལ་གནང་ཡོད་པ་བཅས། །