བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཐའེ་ཝན་ནང་བོད་དོན་ཞུ་སྐུལ་གནང་བཞིན་པ།

ཐའེ་ཝན་གྲོས་ཚོགས་འཐུས་མི་རྒན་གྲས་ལྕམ་སྐུ་མའེ་ ཉུ་ ཡུ་ (Mei-Nu-Yu,Member of the Legislative Yuan,Taiwan) མཆོག་དང་ལྷན།

༄༅། ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་ལས་ཐོག་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་ཁྲིད་འོག སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་མཆོག སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་བཅས་ལས་གྲུབ་པའི་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༠ ནས་ ༡༧ བར་ཐའེ་ཝན་རྒྱལ་ཁབ་ནང་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་རིམ་མང་པོ་ཞིག་འགྲོ་བཞིན་ཡོད་པ་རེད།

སྐུ་ཚབ་ཚོགས་ཆུང་གི་སྣེ་ཁྲིད་པ་ཚོགས་ཟུར་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐའེ་ཝན་གྲོས་ཚོགས་འཐུས་མི་ལྕམ་སྐུ་མའེ་ ཉུ་ ཡུ་མཆོག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་འབུལ་སྐབས།

དེ་ཡང་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་པ་ཐའེ་ཝན་མང་གཙོ་ཐེབས་རྩ་ཁང་ (Taiwan Foundation for Democracy) དུ་བཅར་ནས། ཐེབས་རྩ་ཁང་དེའི་སྤྱི་ཁྱབ་འགན་འཛིན་འབུམ་རམས་པ་སྐུ་ཞབས་ཨལ་ལེན་ པེན་ (Dr. Allen Peng) ལགས་དང་། ཉམས་ཞིབ་འགན་འཛིན་གཉིས་བཅས་མཇལ་འཕྲད་ཀྱིས་བོད་དང་ཐའེ་ཝན་དབར་གྱི་འབྲེལ་བའི་སྐོར་དང་། ༧གོང་ས་མཆོག་གི་དགོངས་གཞི་དང་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་བྱུང་རིམ། བོད་ནང་གི་ཛ་དྲག་གནས་སྟངས་བཅས་ཀྱི་སྐོར་ངོ་སྤྲོད་དང་། མ་འོངས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། ཐའེ་ཝན་མང་གཙོ་ཐེབས་རྩ་ཁང་གཉིས་མཉམ་འབྲེལ་གྱི་ཐོག་ནས་ལས་དོན་བྱེད་ཕྱོགས་སོགས་ཀྱི་སྐོར་གོ་བསྡུར་གནང་ཡོད་པ་དང་།

ཐའེ་ཝན་མང་གཙོ་ཐེབས་རྩ་ཁང་ (Taiwan Foundation for Democracy) གི་སྤྱི་ཁྱབ་འགན་འཛིན་དང་། ཉམས་ཞིབ་འགན་འཛིན་གཉིས་བཅས་ཀྱི་ལྷན་བོད་དོན་སྐོར་གོ་བསྡུར་གནང་སྐབས།

དེ་བཞིན་ཐེབས་རྩ་ཁང་དེའི་དམིགས་ཡུལ་དང་། ཐེབས་རྩ་ཁང་དེ་ནི་གཞུང་གིས་བཙུགས་པའི་ཐེབས་རྩ་ཁང་ཞིག་ཡིན་པ་དང་། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ཀྱང་ཐའེ་ཝན་གྱི་སྲིད་དོན་ཚོགས་པ་ཁག་གི་འཐུས་ཚབ་ཆེད་གཏོང་གནང་ནས་བསྐོ་གཞག་བྱེད་དགོས་པ་མ་ཟད། འགན་འཛིན་ལྷན་ཚོགས་ནང་གྲོས་ཚོགས་ཀྱི་འཐུས་མི་ཡང་ཡོད་པ་སོགས་ཚོགས་པ་དེས་ད་བར་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལས་དོན་གཙོ་གནད་ཁག་གི་སྐོར་སྤྱི་འཐུས་རྣམ་པར་ངོ་སྤྲོད་གནང་ཡོད་འདུག དེ་ཉིན་ཕྱི་དྲོ་ཐའེ་པེ་ཁུལ་གྱི་ཆོས་ཚོགས་ཁག་ཅིག་ལ་གཟིགས་སྐོར་གནང་ཞིང་། དགོང་མོ་ཐའེ་ཝན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གི་འཐུས་ཚབ་དང་མཉམ་དུ་དགོང་མོའི་གསོལ་ཚིགས་དང་བསྟུན། བོད་དོན་སྐོར་གྲོས་བསྡུར་དང་བགྲོ་གླེང་། དེ་བཞིན་དྲི་བ་ཁག་ལ་ལན་འདེབས་གནང་ཡོད། སྐབས་དེར་མཁས་དབང་དང་། ཁྲིམས་རྩོད་པ་སོགས་གནད་ཡོད་མི་སྣ་གང་མང་ཞིག་ཕེབས་ཡོད་འདུག

ཐའེ་ཝན་མང་གཙོ་ཐེབས་རྩ་ཁང་གི་སྤྱི་ཁྱབ་འགན་འཛིན་དང་། ཉམས་ཞིབ་འགན་འཛིན་གཉིས་བཅས་ཀྱི་ལྷན།

ཕྱི་ཚེས་ ༡༥ ཉིན་ཐའེ་ཝན་གྲོས་ཚོགས་ཀྱི་མཇལ་འཕྲད་ཁང་ཞིག་ཏུ་ཐའེ་ཝན་གྲོས་ཚོགས་ཐུས་མི་རྒན་གྲས་ལྕམ་སྐུ་མའེ་ ཉུ་ ཡུ་ (Mei-Nu-Yu,Member of the Legislative Yuan,Taiwan) མཆོག་དང་། ཁོང་གི་ཕྱག་རོགས་ཁག་ཅིག་བཅས་དང་ལྷན་མཇལ་འཕྲད་གནང་ཞིང་། སྐབས་དེར་ཐོག་མར་ལྕམ་སྐུ་མའེ་ཉུ་ཡུ་མཆོག་གིས་སྤྱི་འཐུས་རྣམ་པར་ཕེབས་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས། ཐའེ་ཝན་གྱི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ཕོ་མོ་འདྲ་མཉམ་སོགས་ཀྱི་སྐོར་ལ་ཁྲིམས་ལུགས་བརྒྱུད་ནས་ཡར་རྒྱས་བཏང་ཡོད་པ་སོགས་ཀྱི་སྐོར་དང་། རྒྱ་ནག་གཞུང་གི་མཁྲེགས་འཛིན་དང་། བོད་རྒྱའི་ཆབ་སྲིད་ཀྱི་གནས་སྟངས། ཐའེ་ཝན་དང་བོད་དོན་གྱི་འབྲེལ་བ་དང་བོད་དོན་རྒྱབ་སྐྱོར་བཅས་ཀྱི་སྐོར་ངོ་སྤྲོད་དང་།

ཐའེ་ཝན་གྲོས་ཚོགས་འཐུས་མི་ལྕམ་སྐུ་མའེ་ ཉུ་ ཡུ་མཆོག་དང་ལྷན་བོད་དོན་སྐོར་གོ་བསྡུར་གནང་སྐབས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་སྣེ་ཁྲིད་པ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐའེ་ཝན་གྱི་མང་གཙོ་དང་རང་དབང་གི་གནས་སྟངས་སྤྱི་དང་། ལྷག་པར་དུ་ཉེ་ཆར་འོས་བསྡུ་ཆེན་མོའི་གནས་སྟངས་ལ་དངོས་སུ་གཟིགས་ཞིབ་གནང་བར་བརྟེན་བསྔགས་བརྗོད་ཞུ་དགོས་པའི་གནས་སྟངས་མང་པོ་གཟིགས་ཡོད་པ། དེ་བཞིན་༧གོང་ས་མཆོག་གི་གལ་ཆེའི་དགོངས་གཞི་ཁག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས། བཙན་བྱོལ་ནང་གི་མང་གཙོའི་འཕེལ་རིམ། རང་ལུས་མེར་སྲེག་གིས་མཚོན་བོད་ནང་གི་ཛ་དྲག་གནས་སྟངས་དང་།

རྒྱ་དམར་གཞུང་གི་མཁྲེགས་འཛིན་གྱི་སྲིད་བྱུས། མ་འོངས་པར་ཐའེ་ཝན་དང་བོད་མཉམ་འབྲེལ་གྱི་ཐོག་ནས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྟེན་ནས་རྒྱ་གཞུང་ལ་བཟང་ཕྱོགས་ནས་འགྱུར་བ་གཏོང་དགོས་པ་བཅས་ཀྱི་སྐོར་ངོ་སྤྲོད་སྙིང་བསྡུས་གནང་ཡོད་པ་སོགས་ཕན་ཚུན་གྲོས་བསྡུར་གནང་རྗེས། ཐའེ་ཝན་གྱི་གྲོས་ཚོགས་ཁང་དུ་གཟིགས་སྐོར་དང་སྣེ་ཤན་པས་འགྲེལ་བརྗོད་ངོ་སྤྲོད་ཞིབ་ཕྲ་ཞུས་གནང་ཡོད།

དེ་ཉིན་དགོང་མོ་གསོལ་ཚིགས་དང་མཉམ་དུ་ཐའེ་ཝན་གྱི་འདེམས་ཐོན་གྲོས་ཚོགས་འཐུས་མི་ཧུང་སུན་ཧན་ (Hung Sun-Han) མཆོག་གིས་གཙོས་བོད་དོན་རྒྱབ་སྐྱོར་གནང་མཁན་ཁག་ཅིག་དང་ལྷན་བོད་དོན་སྐོར་གྲོས་བསྡུར་དང་དགོངས་ཚུལ་བརྗེ་རེས་གནང་ཡོད་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཐའེ་ཝན་ནང་མུ་མཐུད་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་འགྲོ་བཞིན་ཡོད་པ་བཅས། །