༄༅། །ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ། རྒུ་ཚ་བཙོན་ཁང་ནང་བཙོན་འཇུག་བྱས་པའི་བོད་མི་མིང་བརྗོད་འདོད་མེད་པ་ཞིག་ད་སྐབས་བཙོན་གྲོལ་ཐོབ་རྗེས་བརྒྱུད་ལམ་ཁག་ཏུ་སྐབས་དེའི་གནས་ཚུལ་མཐོང་ཐོས་བྱུང་བ་ཁག་ཅིག་ངོ་སྤྲོད་བྱས་པའི་ཁོངས། བཙོན་རོགས་བོད་མི་བཞི་རྒྱ་གཞུང་གིས་གསང་བའི་ངང་དམར་གསོད་བཏང་བ་དང་། གཅིག་རང་ཤི་རྒྱག་དགོས་ཐུག་པའི་སྐོར་འགྲེལ་བརྗོད་བྱས་འདུག ཁོང་གིས་གནས་ཚུལ་མཁོ་སྤྲོད་གནང་བའི་ནང་བོད་མི་བློ་བཟང་རྒྱལ་མཚན་དང་། ལོ་ཡག སྒྲོལ་མ་བཅས་ ༢༠༠༩ ལོར་སྲོག་ཐོག་བཏང་ཡོད་གནས་དང་། ལོ་གཉིས་ཀྱི་རྗེས་སུ་བསྟན་འཛིན་ཕུན་ཚོགས་སྲོག་ཐོག་བཏང་ཡོད་པ། གཞན་འབྲས་སྤུངས་དགོན་པའི་དགེ་འདུན་པ་མིང་འདོགས་སུ་བདེ་འཇགས་རྒྱགས་པ་ཞེས་པ་ཞིག་བཙོན་ཁང་ནང་རང་ཤི་རྒྱག་དགོས་ཐུག་ཡོད་སྐོར་གསུངས་འདུག དེ་ཡང་ཕྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༢༠ ཉིན་ལྷ་སར་བོད་མི་བཞི་སྲོག་ཐོག་བཏང་ཡོད་གནས་ང་ཚོའི་འབྲེལ་ཡོད་ལས་ཁུངས་ནས་དུས་ཐོག་ཤེས་རྟོགས་བྱུང་ཡོད་པ་དང་། དེའི་ཁོངས་ཀླུ་སྒུག་ནས་ཡིན་པ་བློ་བཟང་རྒྱལ་མཚན་དང་།སྟག་རྩེ་ནས་ཡིན་པ་ལོ་ཡག་གཉིས་དང་། གཅིག་ས་སྐྱ་རྫོང་ཁོངས་ནས་ཡིན་པ་བུད་མེད་པད་སྐྱིད་དམ་སྤེན་སྐྱིད་ཡིན་པ་ཙམ་ལས་ཞིབ་ཕྲ་ར་འཕྲོད་བྱུང་མེད་པ་དང་། གཞན་དེ་ཁ་གསལ་ཤེས་རྟོགས་བྱུང་མེད། ཁམས་བྲག་གཡབ་རྫོང་ཁོངས་ནས་ཡིན་པ་བསྟན་འཛིན་ཕུན་ཚོགས་ལ་སྐབས་དེར་རྒྱ༌ནག་གཞུང་ནས་ལོ་གཉིས་སྲོག་ཁྲིམས་ནར་འགྱངས་ཀྱིས་དུས་བཀག་བཙོན་འཇུག་བཟོས་ཡོད་པ་དང་། དེ་ཡང་བློ་བཟང་རྒྱལ་མཚན་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་བྱས་འདུག་པ་ལས་དངོས་སུ་སྲོག་ཐོག་བཏང་ཡོད་མེད་ད་བར་བརྒྱུད་ལམ་ཁག་ཏུ་ཐོན་མེད་ཀྱང་ད་ལན་གྱི་གནས་ཚུལ་མཁོ་སྤྲོད་པས་ཁོང་ཡང་སྲོག་ཐོག་བཏང་ཟིན་པའི་སྐོར་གསལ་བཤད་གནང་འདུག གནས་ཚུལ་མཁོ་སྤྲོད་པས་སྒྲོལ་མ་ཞེས་པའི་བུ་མོ་ལོ་ཆུང་ཞིག་སྲོག་ཐོག་བཏང་ཡོད་གནས་གསུངས་པ་ལས་ཕ་ཡུལ་སོགས་ཞིབ་གསལ་གསུངས་མི་འདུག་པས་སྐབས་དེར་སྲོག་ཐོག་བཏང་བའི་མི་བཞི་པ་དེའམ་ཡང་ན་ང་ཚོར་མིང་གཞུང་འབྱོར་བའི་པད་སྐྱིད་ཅེས་པའི་བུ་མོ་དེ་གཉིས་གང་ཡིན་ད་དུང་ཁ་གསལ་ཆགས་མེད་ཀྱང་། ཕྱི་ལོ་ ༢༠༠༨ལོའི་ཀྲུང་གོའི་བོད་ལྗོངས་ཞེས་པའི་དུས་དེབ་གསུམ་པའི་ཐོག་ཉིང་ཁྲི་ས་ཁུལ་ནས་ཡིན་པའི་སྒྲོལ་མས་འགྱོད་སེམས་ཆེན་པོའི་ངང་ནས་ངོས་ལེན་བྱས་ཡོད། ཅེས་བཀོད་འདུག་པ་ལྟར་ན་སྒྲོལ་མ་ཟེར་བའི་བུད་མེད་ཅིག་ཀྱང་སྐབས་དེར་འཇུ་བཟུང་བྱས་ཡོད་པ་གསལ་པོ་ཆགས་ཡོད། གནས་ཚུལ་མཁོ་སྤྲོད་པས་བརྗོད་པའི་འབྲས་གྲྭ་བདེ་འཇགས་རྒྱགས་པ་ཞེས་པ་དེ་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ཉིན་འབྲས་སྤུངས་དགོན་གྱི་གྲྭ་ ༣༠༠ ཙམ་གྱི་ལྷན་ཞི་རྒོལ་གནང་སྐབས་འཛིན་བཟུང་བྱས་པ། སྐྱེས་ཡུལ་འཕན་པོ་ལྷུན་གྲུབ་རྫོང་ཁོངས་མཚོ་སྟོད་ནས་ཡིན་པ་སྐལ་ལྡན་ནམ། ཆོས་མིང་ངག་དབང་འོད་དཔལ་ཞེས་པ་ ༢༠༠༩ཕྱི་ཟླ་ ༨ ཚེས་ཤར་ཙམ་ལ་ལྟ་སྲུང་ཁང་ཞིག་ནང་ཉེས་བརྡུང་མནར་གཅོད་འོག་འདས་གྲོངས་ཕྱིན་སོང་ཞེས་སྐུ་ཕུང་སྤུན་ཉེ་ཞིག་ལ་རྩིས་སྤྲོད་བྱས་པ་དེའམ། གཞན་སུ་ཡིན་ད་ལྟ་ཤེས་རྟོགས་ཐུབ་མེད།
མདོར་དོན་རྒྱ་གཞུང་གིས་ས་བྱི་ཞི་རྒོལ་ཆེན་མོའི་དྲག་རྡུང་སྐབས་བོད་མི་ཇི་ཙམ་དམར་གསོད་བཏང་ཡོད་མེད་དང་། འཛིན་བཟུང་བཙོན་འཇུག་ཇི་ཙམ་བྱས་ཡོད་མེད། སྲོག་ཁྲིམས་བཅད་དེ་སྲོག་ཐོག་བཏང་བ་ཇི་ཙམ་བྱུང་ཡོད་མེད་བཅས་རེ་རེ་བཞིན་ད་དུང་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མེད་ཀྱང་སྐབས་དེའི་རྒྱ་དམར་གྱི་ཉེན་རྟོག་པའི་གསང་བའི་ཡིག་ཆ་དང་། བརྙན་འཁོར་ཕྱིར་གྱར་བྱུང་བ། བཙོན་པ་ཁག་ཅིག་དུས་བཀག་ཟིན་ཏེ་དངོས་མྱོང་ར་སྤྲོད་གསལ་བཤད་གནང་བ་རྣམས་ཀྱིས་ས་བྱི་ཞི་རྒོལ་ཆེན་མོར་རྒྱ་གཞུང་གིས་བོད་མིར་དྲག་གནོན་ཇི་བྱས་སོགས་ཀྱི་དཔང་རྟགས་དང་། དཔང་མི་ཇེ་མང་དུ་འགྲོ་བཞིན་པ་མངོན་གསལ་ལ་སོང་། དྲང་བདེན་དང་གཟུ་བོར་གནས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་སྣང་མེད་དུ་མ་སོང་བར་བོད་ནང་གི་དངོས་ཡོད་ཛ་དྲག་གནས་སྟངས་རྟོག་ཞིབ་ཚུལ་མཐུན་ཡོང་ཆེད་མཐུན་རྐྱེན་དེ་དག་ལ་བདག་སྤྲོད་གནང་ཐབས་དགོས་པ་དང་། རྒྱ་གཞུང་ནས་ཀྱང་སྡིག་པ་མིག་བཙུམ་ལྟ་བུ་མ་ཡིན་པར་བྱས་ཉེས་རྣམས་ཕྱི་གསལ་ནང་གསལ་བཟོ་དགོས་པའི་ནན་སྐུལ་ཞུ་རྒྱུ་ཡིན།
ད་དུང་ཉེ་ཆར་ཟླ་བ་ ༩ པའི་ནང་མདོ་སྨད་ཀན་ལྷོ་གཙོད་ཉེན་རྟོག་ཁང་གི་སྒོ་འགྲམ་དུ་ལྷ་མོ་བཀྲ་ཤིས་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་ཕྱིན་པ་དང་། མདོ་སྨད་གཙན་ཚའི་མདའ་རྩེད་སྐབས་རྒྱ་གཞུང་གི་ཉེན་རྟོག་པས་ར་བཟི་བྱས་ཏེ་བོད་མིར་གཅར་བརྡུང་ཚད་མེད་བཏང་བ། མདོ་ཁམས་ཡུལ་ཤུལ་ཆུ་དམར་ལེབ་ནས་རྒྱ་དམག་ ༢༠ ལྷག་གིས་ཉེས་མེད་བོད་མི་བཞིར་མི་སྤྱོད་ལས་འདས་པའི་རུབ་བརྡུང་བཏང་བ། མདོ་ཁམས་འབྲི་རུ་ས་གནས་སུ་བཙན་བཀའ་བཏང་སྟེ་ཕྱོགས་གཅིག་ནས་བོད་མིར་སྤྲོ་སྐྱིད་གཏོང་བཅུག་པ་དང་། ཕྱོགས་གཅིག་ནས་དགེ་འདུན་པ་ཁག་ཅིག་འཛིན་བཟུང་བཀག་ཉར་བྱས་པ། མདོ་ཁམས་ཚ་བ་དཔའ་ཤོད་ཀྱི་གྲྭ་བློ་བཟང་དགེ་འདུན་ལ་ལོ་བཅུའི་བཙོན་ཁྲིམས་བཅད་པ་སོགས་བོད་ནང་གི་ཛ་དྲག་གནང་སྟངས་ལ་འགྱུར་ལྡོག་གང་ཡང་མེད་པར་རྒྱུན་མཐུད་དེ་གནས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བློ་འཚབ་ཅི་ཆེའི་ངང་ད་བར་རང་ལུས་མེར་བསྲེགས་བཏང་གནང་མཁན་རྣམས་ཀྱི་རེ་འདུན་ལ་རྒྱ་གཞུང་ནས་བདག་སྤྲོད་དང་། ཉེས་མེད་བོད་མིར་གཅར་རྡུང་བྱེད་མཁན་གྱི་གཏེ་དཔོན་རྣམས་ལ་ཉེས་ཆད་ཡན་པོར་མ་སོང་བ་གཏོང་དགོས་རྒྱུ། རྨས་སྐྱོན་བཏང་བ་རྣམས་ཀྱི་ཚེ་སྲོག་ལ་འགན་ཁུར་དགོས་པ། བཙད་ཤེད་ཀྱིས་འཛིན་བཟུང་བྱས་པ་རྣམས་གློད་བཀྲོལ་གཏོང་དགོས་པ། དམིགས་བསལ་ཕྱི་ཟླ་ ༩ ཚེས་ ༢༥ ཉིན་མདོ་སྨད་རྒྱལ་མོ་ཚ་བ་རོང་གི་སློབ་ཐོན་བོད་རིགས་བུ་མོ་བཞི་དཀར་མཛེས་ལྕགས་ཟམ་རྫོང་དུ་གཞུང་ཞབས་ཡིག་ཚད་གཏོང་དུ་ཕྱིན་སྐབས་དབང་ཤེད་ཅན་གྱི་མགྲོན་བདག་རྒྱ་རིགས་འབྱོར་ལྡན་ཞིག་གིས་བསམ་བཞིན་དུ་བུ་མོ་གསུམ་དམར་གསོད་བཏང་བ་དང་། གཅིག་ལ་རྨས་སྐྱོན་ཚབས་ཆེ་བཏང་ཡོད་འདུག་པའི་སྐོར་ལ་ཉམ་ཆུང་བོད་མི་དེ་དག་གི་གཉེན་ཉེ་ལྟོས་འཁོར་དང་བཅས་པས་དྲང་བདེན་གྱི་ཁྲིམས་ཐག་གཅོད་རྒྱུའི་རེ་འདུན་ཉིན་རིམ་བསྟུད་འདོན་བཞིན་ཡོད་པ་དང་། ཉེ་ཆར་རང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་པའི་གཏམ་བཤད་གནང་ཡོད་པ་ལྟར་གནད་དོན་འདི་རྣམས་རྒྱ་རིགས་ཆེན་པོའི་རིང་ལུགས་ཀྱི་ཕྱོགས་སུ་མ་ལྷུང་བར་དྲང་བདེན་ཚུལ་མཐུན་གྱི་ལམ་ནས་ཁྲིམས་གཅོད་ནན་པོ་གཏོང་དགོས་པའི་འབོད་སྐུལ་ཞུ་རྒྱུ་བཅས།།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡ ལ།།