
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡༠ པའི་ཚེས་ ༢༦ ཉིན་བཞུགས་སྒར་རྡ་རམ་ས་ལ་ལྷ་རྒྱལ་རིའི་སྐོར་ལམ་དུ་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་གིས་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱི་རྗེས་དྲན་འདྲ་སྐུ་ཞིག་དབུ་འབྱེད་གནང་སོང་།

དེ་ཡང་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་བར་བཀའ་དྲིན་རྗེས་དྲན་མཚོན་སླད། སྐབས་བཅོ་ལྔ་པའི་རྡ་རམ་ས་ལ་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་རྒྱལ་གཅེས་དམ་པ་ཁོང་གི་རྗེས་དྲན་འདྲ་སྐུ་དེ་བཞིན་བཞེངས་བསྐྲུན་གནང་བ་ཞིག་རེད་འདུག

དེ་ཉིན་སྔ་དྲོ་ཆུ་ཚོད་ ༧།༠༠ པའི་ཐོག་སྐུ་མགྲོན་གཙོ་བོ་མཆོག་གིས་གཙོས་པའི་སྐུ་མགྲོན་རྣམ་པ་དང་མི་མང་བཅས་ཚང་འཛོམས་རྗེས། དགེ་འདུན་པ་ཁག་ཅིག་གིས་དབུ་མཛད་ནས་བོད་བསྟན་སྲིད་ཀྱི་དཀར་ཕྱོགས་སྐྱོང་བའི་བོད་སྐྱོང་ལྷ་སྲུང་འཕྲིན་སྐུལ་དང་འབྲེལ་བསངས་གསོལ་གནད་སྨིན་གནང་བ་དང་། དེ་ནས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་གིས་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱི་རྗེས་དྲན་འདྲ་སྐུ་དབུ་འབྱེད་དང་འབྲེལ། མཆོད་མེ་ཞལ་ཕྱེ་གནང་སོང་།

སྐབས་དེར་སྐུ་མགྲོན་གཙོ་བོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། ད་ལན་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱི་དྲན་རྟེན་འདྲ་སྐུ་ཧ་ལས་པའི་ཡག་པོ་ཞིག་བཞེངས་བསྐྲུན་གནང་བར་བསྔགས་བརྗོད་དང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། རྩ་བའི་བོད་ཀྱི་འཐབ་རྩོད་ཐོག་ལས་ཀ་གང་འདྲ་ཞིག་བྱས་པ་ཡིན་ནའང་། སྐྱ་སེར་དང་མཐོ་དམན་དབྱེ་བ་མེད་པར་ཚང་མས་ཕྱར་གྲུ་མཉམ་འདེགས་བྱ་རྒྱུ་ཧ་ཅང་གི་གནད་འགག་ཆེན་པོ་རེད། ད་ལྟའི་དུས་ཀྱི་དགོས་མཁོར་བསམ་བློ་བཏང་བ་ཡིན་ནའང་། བོད་ཀྱི་བདེན་པའི་མཐའ་གསལ་ཡོད་མ་རེད་ལ། བོད་རང་དབང་རང་བཙན་དང་གཞིས་བྱེས་མཉམ་འཛོམས་ཀྱི་དུས་ཚོད་ཅིག་ད་དུང་ཡང་བྱུང་ཡོད་མ་རེད། དེས་མ་ཟད་འདས་པའི་ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ་དགྲ་བོ་རྒྱ་དམར་གཞུང་གི་དྲག་གནོན་སྲིད་བྱུས་དང་གདུག་རྩུབ་མནར་གཅོད་འོག རྒྱལ་གཅེས་དཔའ་བོ་དཔའ་མོ་གྲངས་ལས་འདས་པས་བློས་གཏོང་གནང་ཡོད་ཅིང་། ལྷག་པར་དུ་ཕྱི་ལོ་དགུ་བཅུ་གོ་གྲངས་ནང་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་དང་། ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་ཕྱི་ནང་གཉིས་སུ་རྒྱལ་གཅེས་དཔའ་བོ་དཔའ་མོ་བརྒྱ་དང་བདུན་ཅུ་ཟིན་ལ་ཉེ་བ་ཙམ་གྱིས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་ལུས་མེར་བསྲེགས་ཕུལ་ཡོད་རེད། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་བློས་གཏོང་ཆ་ཚང་གནང་ཚར་བ་རེད། དེ་ཡིན་དུས་ང་ཚོས་ཁོང་རྣམ་པའི་ཤུལ་འཛིན་འདྲ་པོ་ཇི་ལྟར་བྱེད་དགོས་མིན་ཐོག་ཚང་མར་འགན་འཁྲི་ཡོད་རེད་བསམ་གྱི་འདུག མཐོ་དམན་དང་དྲག་ཞན་གྱི་དབྱེ་བ་མེད་པར་བོད་མི་ཡིན་ཕྱིན་ཆད་ཚང་མས་དགྲ་ལ་དགྲ་ཡིན་པ་ངོ་ཤེས་དགོས་པ་དང་། བོད་ཀྱི་འཐབ་རྩོད་ཐོག་ལ་བསམ་བློ་ཡོད་དགོས་པ་དེ་སྐབས་སུ་བབ་པའི་ལྡོག་ཏུ་མེད་པའི་འགན་རེད་བསམ་གྱི་འདུག

དེ་ཡིན་དུས་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལས་དོན་འདིའི་ཐོག་སྔ་ཕྱིར་དཀའ་ངལ་མང་པོ་བྱུང་ཡོད་ཚོད་འདུག གཅིག་ནས་སོ་སོར་ལུང་པ་མེད་པའི་དཀའ་ངལ་དང་། གཉིས་ནས་སོ་སོར་རང་དབང་རང་བཙན་མེད་པའི་དཀའ་ངལ་འོག་ལས་ཀ་གང་འདྲ་ཞིག་བྱས་པ་ཡིན་ནའང་། དེ་ལ་མཐུན་རྐྱེན་དང་ཕྱར་གྲུ་མཉམ་འདེགས་བྱེད་མཁན་དེ་ཉུང་དུ་འགྲོ་བ་དང་། དེ་ལ་འགལ་རྐྱེན་བཟོ་མཁན་དེ་མང་རུ་མང་རུ་འགྲོ་བའི་གནས་སྟངས་ཤིག་ཆགས་ཀྱི་འདུག དེ་ཡིན་དུས་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ལའང་དཀའ་ངལ་མང་པོ་ཞིག་འཕྲད་ཡོད་ས་རེད། ཡིན་ནའང་དཀའ་ངལ་ལ་གདོང་ལེན་གནང་ནས་དེ་རིང་གི་ཉིན་མོར་རྒྱ་ཆེའི་མང་ཚོགས་མདུན་དུ་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱི་འདྲ་སྐུ་ཞིག་མཇལ་རྒྱུ་ཡོད་པ་བཟོས་པ་དེ་དཔེ་མི་སྲིད་པའི་ཡག་པོ་བྱུང་འདུག ང་ཚོ་བོད་མི་ཚོ་རྒྱ་གར་གྱི་སྤྱི་ཚོགས་ཆེན་པོ་ཞིག་གི་ནང་བསྡད་ཡོད་དུས། རྒྱ་གར་མི་མང་རྣམས་ལ་བོད་ཀྱི་འཐབ་རྩོད་ཐོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ངོ་སྤྲོད་བྱེད་ཐུབ་པ་ཡིན་ན། བོད་མི་ཚོ་ནི་སོ་སོའི་རྒྱལ་ཁབ་དང་། རིག་གཞུང་། མི་རིགས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་ཐུབ་མཁན་གྱི་མི་རིགས་ཤིག་ཡིན་པ་གསལ་པོར་ངོ་སྤྲོད་བྱེད་ཐུབ་པའི་གནས་སྟངས་ཤིག་རང་བཞིན་གྱི་ཆགས་ཀྱི་ཡོད་རེད། ང་རང་ཚོའི་དྲན་རྟེན་གཅིག་པུ་ཙམ་མ་ཡིན་པར་སྤྱི་ཚོགས་གཞན་ལའང་མིག་དཔེ་བསྟན་ཐུབ་པའི་ཕན་ཐོགས་ཆེན་པོ་བྱུང་ཡོད་དུས། སླར་ཡང་རྣམ་པ་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

བཙན་བྱོལ་ནང་ཡོད་མཁན་ཚང་མས་རྒྱལ་གཅེས་དཔའ་བོ་དཔའ་མོའི་གྲངས་ཀ་དང་། དྲན་རྟེན་རྡོ་རིང་གྲངས་ཀ་བརྒྱབ་ནས་མ་བསྡད་པར། ང་རང་ཚོ་མི་རེ་ངོ་རེའི་ངོས་ནས་གོམ་པ་མདུན་སྤོས་བྱེད་དགོས་པ་དང་། མདུན་ལ་འདོན་ནས་ལས་ཀ་བྱེད་དགོས་པ། མི་རེ་ངོ་རེའི་ངོས་ནས་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་བསམ་བློ་སྤུངས་དགོས་པ་ཧ་ཅང་གི་གནད་འགག་ཆེན་པོ་རེད་འདུག གཞུང་དང་། ཚོགས་སྡེ། འགོ་ཁྲིད། མི་མང་བཅས་ཚང་མས་བོད་ཀྱི་འཐབ་རྩོད་ཐོག་ལ་གང་ཐུབ་ཐུབ་ཀྱིས་རིག་པ་བསྒྲིམ་དགོས་པ་དང་། དེའི་ཐོག་ལ་ལས་ཀ་བྱེད་དགོས་པ་དེ་དཔེ་མི་སྲིད་པའི་གནད་འགག་ཆེན་པོ་རེད་འདུག ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཐོག་ནས་རྒྱལ་གཅེས་དཔའ་བོ་དམ་པ་ཁོང་གི་རྗེས་དྲན་འདྲ་སྐུ་བཞེངས་བསྐྲུན་གནང་ཐུབ་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐོག་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

མཐའ་དོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་། བོད་ཀྱི་བདེན་དོན་མྱུར་དུ་གསལ་ནས་རིང་པོར་མ་ཐོགས་པར་གཞིས་བྱེས་མཉམ་འཛོམས་ཡོང་ཐུབ་པའི་རེ་བ་དང་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།
