བོད་མི་མང་སྤྱི་འཐུས་རྒྱུན་ལས་འཕོ་ལེན་གནང་བ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༡༠ པའི་ཚེས་ ༩ ཉིན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལོ་དུས་གསུམ་པའི་སྐབས་སྤྱི་འཐུས་རྒྱུན་ལས་གསུམ་གསར་དུ་ཕེབས་པ་ལས་གཞན་རྣམས་རང་འཇགས་བཞུགས་ཡོད་ཅིང་། དེ་ཡང་བོད་མི་མང་མདོ་སྟོད་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་དང་། བོད་མི་མང་མདོ་སྨད་སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག བོད་མི་མང་མདོ་སྨད་སྤྱི་འཐུས་དགེ་བཤེས་གངས་རི་མཆོག་བཅས་རྒྱུན་ལས་སུ་གསར་དུ་ཕེབས་གནང་ཡོད།


དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་ལྷན་འཛོམས་ཐོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་དོན། ད་རེས་སྤྱི་འཐུས་རྒྱུན་ལས་ལོ་དུས་གསུམ་པའི་སྐབས། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་མ་གཏོགས་གཞན་རྣམ་པ་ཚོ་དེ་སྔོན་སྤྱི་འཐུས་རྒྱུན་ལས་ནང་བཞུགས་མྱོང་མཁན་ཤ་སྟག་རེད། ལོ་དུས་འདིར་རྒྱུན་ལས་སུ་གསར་དུ་ཕེབས་མཁན་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་དང་། སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་ལགས། སྤྱི་འཐུས་དགེ་བཤེས་གངས་རི་ལགས་གསུམ་ཆགས་བསྡད་ཀྱི་ཡོད་པ་ལས། གཞན་རྣམས་རང་འཇགས་མུ་མཐུད་ནས་འགྲོ་བསྡད་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད། དེ་ཡིན་དུས་ཐོག་མར་རྣམ་པ་གསུམ་རྒྱུན་ལས་ལ་ཕེབས་པར་འཚམས་འདྲི་ཞུ་རྒྱུ་ཡིན།


རྣམ་པ་ཚོ་ཚང་མས་མཁྱེན་གསལ་ལྟར། ང་ཚོའི་ལས་དོན་ཚང་མ་སྤྱི་པའི་ལས་དོན་རང་ཡིན་པ་དང་། གནད་དོན་གང་གི་ཐོག་ལ་ཡིན་ནའང་ཕན་ཚུན་གོ་བསྡུར་སྦྱངས་བཤད་དང་། སྤྱི་མོས་སམ་མང་མོས་ཀྱི་ཐོག་ནས་ཐག་གཅོད་འགྲོ་ཡི་ཡོད། ལས་དོན་ཐོག་གོ་བསྡུར་ཞིབ་ཚགས་པོ་ཡོང་ཐབས་དང་། རྒྱུན་ལས་ཀྱི་ལས་དོན་ཚང་མ་ཚད་དང་ལྡན་པ་ཡོང་ཐུབ་རྒྱུར། སྤྱི་འཐུས་རྒྱུན་ལས་རྣམ་པ་ཚང་མས་འགན་ཁུར་ཞུ་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག ཚོགས་གཙོ་སྦྲེལ་པོའི་ངོས་ནས་རྣམ་པ་ཚོར་རེ་བ་ཆེན་པོ་བྱེད་ཀྱི་ཡོད། ང་ཚོའི་ལས་དོན་གང་ཡིན་ནའང་། དེའི་ཐོག་ཚང་མས་མཐུན་འགྱུར་གང་ཐུབ་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན། སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གི་སྒྲིག་གཞི་གཞིར་བཟུང་། རྒྱུན་ལས་ཀྱི་ལས་དོན་གནང་ཕྱོགས་རེད། དེ་ལས་འཕྲོས་པའི་དུས་ཚོད་ཏོག་ཙམ་འདང་བ་ཡིན་ན། ཁྲིམས་དང་། སྒྲིག་གཞི་ཚང་མའི་ཐོག་ལ་ཐུགས་སྣང་གནང་སྟེ། མ་འོངས་པར་ཚང་མར་ཕན་ཐོགས་ཐུབ་རྒྱུའི་གནང་ཕྱོགས་འདྲ་པོ་བྱུང་ཐུབ་ན་ཧ་ཅང་གི་ཡག་པོ་འདུག ཚོགས་གཙོ་སྦྲེལ་པོའི་ངོས་ནས་གང་གཟབ་གཟབ་བྱེད་ཀྱི་ཡོད་ཀྱང་། དེར་མཐུན་འགྱུར་གནང་མཁན་དེ་གལ་ཆེན་པོ་ཞེ་པོ་རེད་འདུག དཔེར་ན། ཁྱིམ་ཚང་གཅིག་ལ་ཆ་བཞག་ན། ཕ་མ་གཉིས་ཀྱིས་ཁྱིམ་ཚང་ཆེད་དུ་རྟག་ཏུ་དཀའ་ལས་རྒྱག་གི་ཡོད་ཀྱང་། དེར་ཕྲུ་གུ་གཙོས་པའི་ནང་མི་ཚང་མས་མཐུན་འགྱུར་མེད་ན་ཕ་མ་གཅིག་པུས་ཡོང་མི་ཐུབ་པ་གསལ་པོ་རེད་འདུག དེ་ཡིན་དུས་རྒྱུན་ལས་རྣམ་པ་རེད། གྲོས་ཚོགས་འཐུས་མི་རྣམ་པ་ཧ་ཅང་གི་གལ་ཆེན་པོ་ཆགས་བསྡད་ཀྱི་ཡོད་རེད། སྤྱི་པའི་ལས་དོན་ཐོག་འཐུས་ཤོར་མ་འགྲོ་བ་དང་། ཚགས་ཚུད་པོ། དོན་ཕན་ལྡན་པ་ཡོང་རྒྱུར་ཚང་མས་ནུས་པ་གཅིག་བསྒྲིལ་བྱས་ནས་དུས་ཚོད་མང་བ་དེ་སྤྱི་པ་རང་གི་ཐོག་ལ་གཏོང་ཐུབ་དགོས་པ་ཧ་ཅང་གི་གལ་ཆེན་པོ་རེད་འདུག

གཞི་རྩའི་སྤྱི་འཐུས་རྒྱུན་ལས་སྡེ་ཚན་གསུམ་གྱི་ལས་དོན་གནང་ཕྱོགས་སྤྱི་འཐུས་རྒྱུན་ལས་ཀྱི་སྒྲིག་གཞིའི་ནང་གསལ་ཡོད་ཀྱང་། ད་རེས་ལས་དོན་འཕར་མ་འདྲ་པོ་དེ། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ལྷན་ཚོགས་ (INPaT) ཀྱི་དྲྭ་རྒྱ་དང་། ལས་དོན་གནང་ཕྱོགས་དེ་སྤྱི་འཐུས་རྒྱུན་ལས་ཆབ་སྲིད་སྡེ་ཚན་གྱི་ཐོག་ནས་འགན་ཁུར་བཞེས་རོགས་ཞེས་ཞུ་རྒྱུ་དང་། དེའི་ཐོག་ཚོགས་གཙོ་སྦྲེལ་པོ་དང་། སྤྱི་འཐུས་རྒྱུན་ལས་བཅས་ལ་གོ་བསྡུར་ཞུ་དགོས་ཁག་ཞུ་ཐབས་དང་། དེ་བཞིན་འབྲེལ་ཡོད་ལས་བྱེད་ལ་བཀོད་མངགས་གནང་དགོས་ཁག་གནང་སྟེ། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ལྷན་ཚོགས་ཀྱི་ལས་དོན་ཡར་རྒྱས་གཏོང་ཐུབ་དགོས་འདུག དེ་བཞིན་གྲོས་ཚོགས་སྐབས་ཀྱི་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་དང་། གསུམ་བཅུའི་དུས་དྲན་གྱི་གསུང་བཤད་སོགས་མང་པོ་ཞིག་ཆབ་སྲིད་སྡེ་ཚན་དང་འབྲེལ་བ་ཆགས་བསྡད་ཀྱི་ཡོད་རེད། དེ་ཚོའི་ཐོག་དུས་རྒྱུན་ནས་དགོངས་པ་བཞེས་པ་ཡིན་ན། དུས་ཚོད་སླེབས་པའི་སྐབས་ལ་ཡིག་ཐོག་ལ་ཕབ་ཆོག་ཆོག་འདྲ་པོ་ཡོང་གི་འདུག མདོར་ན། སྤྱི་པའི་ལས་དོན་རྣམས་ཚད་དང་ལྡན་པ་ཡོང་ཐུབ་རྒྱུར་ཚང་མས་དགོངས་པ་བཞེས་ཐུབ་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད་འདུག་ཅེས་གསལ་འདེབས་དང་སྙན་སེང་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་། དེ་བཞིན་བདུན་གཅིག་ལ་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཐེངས་གཉིས་རེ་བསྐོང་ཚོགས་གནང་གི་ཡོད་པ་སོགས་རྒྱུན་ལས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་སྐོར་ངོ་སྤྲོད་གསུང་བཤད་གནང་སོང་།


དེ་ཡང་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གི་སྒྲིག་གཞི་དོན་ཚན་དྲུག་པ། རྒྱུན་ལས་ཀྱི་སྡེ་ཚན་ཞེས་པའི་འོག་ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༩ ནས་ ༢༠༢༤ ཟླ་ ༡༠ ཚེས་ ༨ བར་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་ཆུང་ལོ་དུས་གསུམ་པའི་ནང་སྡེ་ཚན་གསུམ་ལ་སྤྱི་འཐུས་མི་འགྲོ་ཆ་བགོས་གནང་བར། རྒྱུན་འབྲེལ་སྡེ་ཚན་དུ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག ཆབ་སྲིད་སྡེ་ཚན་དུ་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་དང་། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག དེ་བཞིན་འཛིན་སྐྱོང་རྟོག་ཞིབ་སྡེ་ཚན་དུ་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་དགེ་བཤེས་གངས་རི་མཆོག་བཅས་ལ་ཐུགས་གཏན་ཁེལ་གནང་ཡོད་པ་བཅས།