༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༧ པའི་ཚེས་ ༢༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཨ་རིའི་རྒྱལ་ཡོངས་མང་གཙོ་བསྟི་གནས་ཁང་ (NDI) གིས་རྡ་སའི་ཉེ་འདབས་སུ་རྟེན་གཞི་བྱས་པའི་ཌི་པོ་ལོ་གསོལ་མགྲོན་ཁང་དུ་གཞོན་སྐྱེས་ཉིན་མོའི་ལས་རིམ་ཞིག་གོ་སྒྲིག་ཞུས་པའི་ཐོག བོད་མི་མང་སྤྱི་འཐུས་རྒྱུན་ལས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་གིས་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་ཕེབས་པའི་གཞོན་སྐྱེས་རྣམས་ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སོང་།
སྐབས་དེར་སྤྱི་འཐུས་མཆོག་གིས་བོད་ཀྱི་སྲོལ་རྒྱུན་གྱི་ཆབ་སྲིད་ལམ་ལུགས་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ཀྱི་སྔོན་མའི་སྤྱི་ཚོགས་ཀྱི་ལམ་ལུགས་ལེགས་བཅོས་གནང་རྒྱུའི་དགོངས་པ་སྔོན་མ་ནས་ཡོད་པ། བཙན་བྱོལ་ནང་མང་གཙོ་ཇི་ལྟར་ལག་བསྟར་བྱས་པ་དང་། བོད་མི་མང་སྤྱི་འཐུས་སྐབས་དང་པོ་ནས་སྐབས་བཅུ་བདུན་པའི་བར་གྱི་འཕེལ་རིམ་དང་། སྐབས་ཐོག་སོ་སོར་འགྱུར་བ་ཇི་བྱུང་། ད་ལྟའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ། སྤྱི་འཐུས་ཀྱི་འོས་ཆོས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་ཁག་གཉིས་ཀྱི་སྐོར། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་གྲུབ་ཆ་དང་། རྒྱུན་ལས་རྣམ་པ་རྒྱུན་འབྲེལ་དང་། ཆབ་སྲིད། འཛིན་སྐྱོང་རྟོག་ཞིབ་བཅས་སྡེ་ཚན་གསུམ་ལ་ཆ་བགོས་གནང་སྟེ་ཕྱག་ལས་གནང་བཞིན་ཡོད་སྐོར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཆུང་ཁག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཁྲིམས་བཟོ་དང་། འཛིན་སྐྱོང་སྟངས་འཛིན་གནང་རྒྱུའི་ལས་འགན། དེ་བཞིན་མང་གཙོའི་ཀ་བ་གསུམ་དང་། རང་དབང་ཅན་གྱི་སྡེ་ཚན་གསུམ་ངོ་སྤྲོད་གནང་བ་སོགས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཐོག་ཞིབ་ཕྲ་གསུངས་གནང་བ་མ་ཟད།
ང་ཚོའི་མང་གཙོ་ནི་རྒྱལ་ཁབ་གཞན་གྱི་མང་གཙོའི་འཕེལ་རིམ་དང་མི་འདྲ་བར། མི་མང་ནས་ཚེ་སྲོག་སོགས་བློས་བཏང་བྱས་ནས་བྱུང་བ་ཞིག་མ་ཡིན་པར། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མི་མང་ལ་མར་གསོལ་སྩལ་གནང་བ་ལས་བྱུང་བ་ཞིག་ཡིན་པ་དང་། དེ་ནི་འཛམ་གླིང་ནང་དམིགས་བསལ་བ་ཞིག་ཆགས་ཀྱི་ཡོད་སྐོར་སོགས་གསུངས་གནང་སོང་།
གཞན་ཡང་བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་དང་། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག སྤྱི་འཐུས་པདྨ་མཚོ་མཆོག་བཅས་ཀྱིས་བཙན་བྱོལ་བོད་མིའི་མང་གཙོའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འགན་འཁྲི་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། ཚོགས་བཅར་བ་གཞོན་སྐྱེས་རྣམ་པའི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས། །