༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༢༣ ཉིན་བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་རྣམ་གཉིས་བལ་ཡུལ་འཇོ་ལ་ཁེལ་བསམ་གྲུབ་གླིང་གཞིས་ཆགས་སུ་ཕེབས་འབྱོར་བྱུང་བ་དང་། སྐབས་དེར་དེ་གའི་ས་གནས་འགོ་འཛིན་ཀརྨ་བཟོད་པ་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན། བཟོ་གྲྭའི་འགན་ལྷན་ཚོགས་གཙོ། ས་གནས་རང་བདེན་ཚོགས་གཙོ། ས་གནས་མཉམ་འབྲེལ་འཐུས་མི་བཅས་ནས་ཕེབས་བསུ་ཞུས་རྗེས། ས་གནས་འཐུས་ཚོགས་དང་ས་གནས་རང་བདེན་ཚོགས་ཆུང་། སྤྱི་མི་བརྒྱ་དཔོན་བཅས་ཀྱི་ལྷན་བཞུགས་མོལ་ཚོགས་འདུ་ཚོགས་གནང་བ་མ་ཟད། ཚོགས་འདུའི་ཐོག་དགོངས་ཚུལ་དང་དྲི་བ་ཁག་ལ་ལན་འདེབས་ཐག་གཅོད་དགོས་རིགས་གནང་ཡོད།
དེ་རྗེས། འཇོ་ཁེལ་གྲུམ་གདན་བཟོ་གྲྭ་དང་། ས་གནས་གྲོས་ཚོགས་ཚོགས་ཁང་། ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས། ཨ་ཏི་ཤ་ཉིན་སློབ། རྒས་གསོ་ཁང་། ས་གནས་འཕྲོད་བསྟེན་སྨན་ཁང་། ས་གནས་མཉམ་འབྲེལ། རྒྱལ་ས་སྨན་རྩིས་ཁང་བཅས་སུ་གཟིགས་སྐོར་ཕེབས་གནང་ཡོད་པ་བཅས། །