བོད་མི་མང་སྤྱི་འཐུས་འཇམ་དབྱངས་བཟོད་པ་མཆོག་འདི་ལོའི་ཟླ་ ༥ ཚེས་ ༡༥ ཉིན་གྱི་སྔ་དྲོ་དྷ་ས་ནས་ཕེབས་ཐོན་གྱིས་ཉིན་རྒྱབ་བཀྲིས་ལྗོངས་ཀྱི་མི་མང་ལ་༧གོང་ས་མཆོག་གི་མཛད་འཕྲིན་སྙིང་བསྡུས་དང་ སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༥ པའི་སྐབས་སུ་བཞག་པའི་གྲོས་ཆོད་ཁག་དང་། སྒྲིག་གཞི་བསྐྱར་བཅོས། སྔོན་རྩིས་གཏན་འབེབས་ཀྱི་སྐོར། ཤེས་ཡོན་སོགས་ལ་ལས་འཆར་གསར་པ་གང་ཞིག་ཡོད་མེད་ཀྱི་སྐོར། དེ་བཞིན་བོད་ནང་གི་བོད་མི་ཚོས་རང་ལུས་མེར་སྲེག་གནང་དོན་དང་རང་ལུས་མེར་སྲེག་ཐད་ལ་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ལངས་ཕྱོགས་འཛིན་སྟངས་ཇི་ཡིན། རྒྱ་ནག་གཞུང་གིས་རང་ལུས་མེར་སྲེག་ཐད་འཁྱོག་བཤད་ཇི་ལྟར་བྱེད་ཀྱི་ཡོད་མེད། རྒྱལ་སྤྱིའི་ཐོག་ནས་བོད་ནང་གི་རང་ལུས་མེར་སྲེག་ལ་རྒྱབ་སྐྱོར་ཇི་ལྟར་བྱེད་བཞིན་ཡོད་མེད་བཅས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད་པ་རེད།
ཚེས་ ༡༦ ཉིན་སྦིར་བོད་ཚོགས་མི་མང་དང་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་དགེ་ལས་སློབ་ཕྲུག་བཅས་ལ་གོང་བཞིན་གསུང་བཤད་གནང་བ་དང་ དེ་རྗེས་དྲི་བ་ཁག་ལ་ལན་འདེབས་གནང་ཡོད། ཚེས་ ༡༧ ཉིན་སྦིར་ཁུལ་ཡོད་པའི་གསར་འབྱོར་ཚོགས་པའི་འཐུས་མི་ཚོ་དང་ལྷན་འཛོམས་ཀྱིས་ཕན་ཚུན་དགོངས་འཆར་ལྷུག་པོར་གནང་ཡོད་པ་རེད། ཕྱི་ཚེས་ ༡༨ ཉིན་སྦིར་སྡེ་དགེ་གཞིས་ཆགས་ཀྱི་མི་མང་ལ་གོང་གི་བརྗོད་གཞི་གཅིག་མཚུངས་ཐོག་གསུང་བཤད་གནང་བ་དང་། དེ་རྗེས་མི་མང་གི་དྲི་བ་སྤྱི་དང་ལྷག་པར་དུ་རང་ལུས་མེར་སྲེག་གི་སྐོར་ལ་ཚོར་ཤུགས་ཆེན་པོས་དྲི་བ་གནང་པ་བཅས་ལ་ལན་འདེབས་ཞིབ་གསལ་གནང་། ཚེས་ ༡༩ ཉིན་གྱི་སྔ་དྲོ་དཔལ་སྤུངས་ཤེས་རབ་གླིང་དགོན་པའི་ནང་གསུང་བཤད་དང་། དེར་སྤྱི་འཐུས་མཆོག་གིས་དམིགས་བཀར་གྱིས་ཆོས་ལུགས་རིས་མེད་ཀྱི་འཇང་དགུན་ཆོས་དང་དགེ་འདུན་པ་ཚོས་རིགས་གཅིག་རྐང་འཛིན་གནང་ཕྱོགས་དང་། དགེ་བཤེས་མའི་རྒྱུགས་སྤྲོད་གནང་འཆར་སྐོར་གསུང་བཤད་གནང་པ་དང་། དགེ་འདུན་པ་མང་པོས་རང་ལུས་མེར་སྲེག་སོགས་ཀྱི་སྐོར་ལ་དྲི་བ་མང་པོ་གནང་བར་ལན་འདེབས་ཞུས། ཉིན་རྒྱབ་རྫོང་གསར་བཤད་གྲྭའི་འདུས་མང་ཡོངས་ལ་གསུང་བཤད་གནང་ཡོད་པ་རེད། ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོར་ཅོན་ཏ་ར་དགེ་ལས་སློབ་ཕྲུག་ཡོངས་དང་། ཉིན་རྒྱབ་ཅོན་ཏ་ར་མི་མང་དང་སམ་བྷོ་ཊའི་དགེ་ལས་སློབ་ཕྲུག་བཅས་ལ་གསུང་བཤད་དང་དྲི་བ་སྣ་ཚོགས་བཏང་ཁག་ལ་ལན་འདེབས་གནང་ཡོད། ཚེས་ ༢༡ ཉིན་སྔ་དྲོ་ཆུ་ཚོད་ ༨ པ་ནས་སྦིར་ནས་ཐོན་ཏེ་ཆུ་ཚོད་ ༡༡ ཐོག་མཚོ་པད་མར་ཕེབས་འབྱོར་བྱུང་། ཉིན་རྒྱབ་མི་མང་ལ་གོང་གི་བརྗོད་གཞི་གཅིག་མཚུངས་ཐོག་གསུང་བཤད་དང་། དེ་རྗེས་ས་གནས་འགོ་འཛིན་དང་ས་འཐུས། རང་བདེན་ཚོགས་ཆུང་བཅས་ཀྱི་འཐུས་མི་ཚོ་དང་ལྷན་དུ་ཞུགས་མོལ་གནང་ཡོད་པ་རེད། ཚེས་ ༢༢ ཉིན་གྱི་སྔ་དྲོ་མན་ཌི་དང་སུན་རྡར་ན་གར་གཉིས་ཀྱི་མི་མང་ལ་གསུང་བཤད་གནང་པ་དང་། ཉིན་རྒྱབ་སྤོན་ཌོ་བཀྲིས་གླིང་མི་མང་ལ་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་ཞུས། ཚེས་ ༢༣ ཉིན་གྱི་སྔ་དྲོ་བྷུན་ཐར་དགེ་ལས་སློབ་མ་དང་། ཉིན་རྒྱབ་ཀུ་ལུ་སྤྱི་ཁང་ནང་འཕྲོད་ལས་པ་དང་མི་མང་ཚོར་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་ཞིབ་གསལ་གནང་། ཚེས་ ༢༤ ཉིན་གྱི་སྔ་དྲོ་དཔལ་རབ་གླིང་མི་མང་དང་། ཉིན་རྒྱབ་པ་ཏིལ་ཀུལ་བོད་ཁྱིམ་ལག་ཤེས་སློབ་གྲྭའི་དགེ་ལས་སློབ་ཕྲུག་བཅས་ལ་གསུང་བཤད་དང་དྲི་བ་གནང་ཁག་ལ་ལན་འདེབས་ཞུས། ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོ་འོན་མངའ་རིས་གྲྭ་ཚང་གི་མདུན་ཐང་དུ་མ་ན་ལི་མི་མང་ལ་གསུང་བཤད་དང་དྲི་བ་བཏང་ཁག་ལ་ལན་འདེབས་གནང་། དེ་རྗེས་ས་གནས་འགོ་འཛིན་དང་ས་འཐུས། རང་བདེན་ཚོགས་ཆུང་གི་འཐུས་མི། སྤྱི་མི། བརྒྱ་དཔོན་བཅས་དང་ལྷན་འཛོམས་ཀྱིས་བཞུགས་མོལ་གནང་། ཉིན་རྒྱབ་མ་ན་ལི་ཉིན་སློབ་ཏུ་དགེ་རྒན་དང་ལས་བྱེད་བཅས་དང་ལྷན་འཛོམས་ཀྱིས་ཕན་ཚུན་དགོངས་འཆར་ལྷུག་པོར་གནང་བ་དང་། ཕྱི་ཚེས་ ༢༧ ཉིན་སྤྱི་འཐུས་མཆོག་གི་ཐེངས་འདིའི་ཕྱོགས་སྐྱོད་ཡོངས་སུ་གྲུབ་ནས་མ་ན་ལི་ནས་དྷ་སར་ཕྱིར་ཕེབས་གནང་ཡོད་པ་ཅིང་གོང་གསལ་ས་ཁག་ནས་བདེ་སྡུག་ཞུས་ཁོངས་ནས་དཀའ་སེལ་དང་མཇུག་སྐྱོང་དགོས་རིགས་འབྲེལ་ཡོད་སོ་སོར་གཏོང་གནང་ཡོད་པ་བཅས།། |