༄༅། ། བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་རྣམ་གཉིས་རྒྱ་གར་བྱང་ཤར་ཁུལ་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༢༨ ཉིན་སྔ་དྲོ་བོད་མི་མང་སྤྱི་འཐུས་རྣམ་གཉིས་ནས་རུམ་བཏེག་བཤད་སྒྲུབ་ཆོས་འཁོར་གླིང་དུ་གནས་གཟིགས་དང་། དེ་རྗེས་རིམ་པས་དཔལ་ཀརྨ་ཟུར་མང་བཤད་གྲུབ་གླིང་དང་། གུ་རུ་སྐུ་འབུམ་སྟག་ལུང་གསང་ཆོས་དགོན་པ། གཏིང་སྐྱེས་དགོན་བྱང་ཨོ་རྒྱན་མདོ་སྔགས་ཆོས་འཁོར་གླིང་དགོན་པ། ས་སྐྱ་ངོར་དགོན་པ། སེར་བྱེས་འགྲོ་ཕན་གླིང་དགོན་པ་བཅས་སུ་གནས་གཟིགས་ཕེབས་ཤིང་། སྐབས་དེར་སྒང་ཏོག་ས་གནས་འགོ་འཛིན་དོན་གྲུབ་བཟང་པོ་ལགས་དང་། ས་འཐུས་ཚོགས་གཙོ་སྦྱིན་པ་ལགས་རྣམ་གཉིས་ལྷན་བཅར་ཞུས་ཡོད་པ་དང་། དགོང་དྲོ་སྒང་ཏོག་ས་གནས་ཚོགས་པ་ཁག་གི་འགན་འཛིན་དང་། ཚོགས་མི་སོགས་དང་ལྷན་ཚོགས་འདུ་ཚོགས་གནང་ཡོད་འདུག
ཕྱི་ཚེས་ ༢༩ ཉིན་སྔ་དྲོ་སྤྱི་འཐུས་རྣམ་གཉིས་ཀྱིས་འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་མིག་དམར་ནོར་བུ་ཤར་པ་མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་དང་། དེ་བཞིན་འབྲས་ལྗོངས་ཁུལ་གྱི་བོད་མིའི་བདེ་སྡུག་གཟིགས་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་འདུག དེ་རྗེས་འབྲས་ལྗོངས་རྒྱ་གར་མངའ་ཁོངས་ཆགས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་གཞུང་འབྲེལ་མཛད་སྒོའི་ཐོག་གདན་ཞུས་ལྟར་ཕེབས་པ་དང་།
སྐབས་དེར་སྤྱི་འཐུས་རྣམ་གཉིས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པེ་རམ་སིངྒ་ རྟ་མང་ གྷོ་ལེ་ (Shri. Prem Singh Tamang-Golay, Chief Minister of Sikkim) མཆོག་གིས་གཙོས་པའི་བློན་ཆེན་རྣམས་ལ་འཚམས་འདྲི་དང་། འབྲས་ལྗོངས་མངའ་གཞུང་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་དང་། དེ་བཞིན་ས་གནས་བོད་མིའི་བདེ་སྡུག་ཐོག་མུ་མཐུད་གཟིགས་སྐྱོང་དང་མཐུན་འགྱུར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་འདུག
ཕྱི་ཚེས་ ༣༠ ཉིན་སྔ་དྲོ་འབྲས་ལྗོངས་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ལེ་པི་ ཤར་མ་(Dr.L.P.sharma) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་རྒྱབ་སྐྱོར་གནང་ཕྱོགས་ཐད་ཕན་ཚུན་དགོངས་ཚུལ་བརྗེ་ལེན་དང་། སྤྱི་འཐུས་རྣམ་གཉིས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྐུ་ཞབས་ཁོང་གིས་བོད་དོན་ཐོག་ལྷག་བསམ་ཟོལ་མེད་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། མ་འོངས་པར་མུ་མཐུད་བོད་དོན་ཐོག་ཐུགས་སྣང་དང་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་འདུག
དེ་རྗེས་སྒང་ཏོག་ཁྱབ་ཁོངས་སེར་སྐྱ་མང་ཚོགས་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་ནས་ གསུང་བཤད་དང་། མི་མང་གི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་འདུག་པ་དང་། ཕྱི་དྲོ་སྒང་ཏོག་ཁུལ་གྱི་བོད་མིའི་ཚོང་ཁང་ཁག་ལ་གཟིགས་སྐོར་ཕེབས་ཏེ། ས་གནས་བོད་མིའི་གནས་སྟངས་རྒྱུས་ལོན་ཞུས་རྗེས། སྤྱི་འཐུས་རྣམ་གཉིས་ཀྱིས་ད་ཐེངས་རྒྱ་གར་བྱང་ཤར་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཡོངས་སུ་ལེགས་པར་གྲུབ་པ་དང་། ཕྱི་ཟླ་ ༥ ཚེས་ ༡ ཉིན་གྱི་སྔ་དྲོ་སྒང་ཏོག་ནས་ས་ལུ་གྷར་ལ་ཕྱིར་ཕེབས་གནང་ཡོད་པ་བཅས།