༄༅། ། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་ཕྱི་མའི་ནང་མང་ཚོགས་ལ་ཆབ་སྲིད་སོགས་ཀྱི་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༤ པའི་ཚེས་ ༢༡ ནས་ ༢༣ བར་རྒྱ་གར་བྱང་ཤར་ས་ལུ་སྒར་དང་། ཨོཌ་ལ་བྷ་རི། ཇཡེ་སྒང་བཅས་ཀྱི་ནང་གཟིགས་སྐོར་དང་། བོད་མི་མང་ཚོགས་ཐུག་འཕྲད་གནང་སྟེ། ཐེངས་འདིའི་རྒྱ་གར་བྱང་ཤར་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་འགོ་འཛུགས་གནང་ཡོད་པ་རེད།
དེ་ཡང་སྤྱི་འཐུས་རྣམ་པ་ཕྱི་ཟླ་ ༤ པའི་ཚེས་ ༢༡ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་ལྡི་ལི་བརྒྱུད་བྷག་ཊོ་རར་ཕེབས་ཐོན་གྱིས་ཕྱི་དྲོ་གནམ་ཐང་དུ་ཕེབས་འབྱོར་བྱུང་ཞིང་། སྐབས་དེར་ཀ་སྦུག་ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་མི་བཅས་གཉིས་ནས་སྣེ་ལེན་ཕེབས་བསུ་ཞུས།
ཕྱི་ཚེས་ ༢༢ ཉིན་སྔ་དྲོ་ཆུ་ཚོད་ ༨།༠༠ ཐོག་ས་ལུ་སྒར་ས་གནས་སྤྱི་ཁང་ལ་གཟིགས་སྐོར་དང་། བཙུན་དགོན་བྱང་ཆུབ་ཆོས་གླིང་དང་དུས་འཁོར་ལྷ་ཁང་བཅས་སུ་མཆོད་མཇལ། དེ་རྗེས་ས་ལུ་སྒར་བོད་པའི་མང་ཚོགས་ལ་གསུང་བཤད་གནང་ཞིང་།
དེའི་སྐབས་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་གིས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་དྲན་ཤེས་དགོས་པ་དང། གཞོན་སྐྱེས་ཚོར་བོད་ཀྱི་ཆོས་དང་རིག་གཞུང། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་བྱེད་དགོས་རྒྱུའི་སློབ་གསོ་བརྒྱབ་རྒྱུ་གལ་ཆེན་པོ་ཡིན་པ། དེ་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་བྱུང་རབས་ངོ་སྤྲོད་དང་སྦྲགས། གཉིས་སྨན་དབུ་མའི་ལམ་ནི་༧གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞི་ཡིན་པ་མ་ཟད། བོད་དོན་བདེན་མཐའ་གསལ་བའི་ཐབས་ལམ་ཡག་ཤོས་ཡིན་པ།
ལྷག་པར་དུ་ད་ལྟའི་ཉག་ཕྲ་བའི་དུས་ཚོད་འདིར་བོད་མི་ཚང་མས་རྡོག་རྩ་ཆིག་སྒྲིལ་གནང་རྒྱུ་གལ་ཆེན་པོ་ཡིན་པ། སོ་སོའི་ལུང་ཚན་དང་ཆོས་བརྒྱུད་སོགས་ཀྱི་ཞེན་ཁོག་དང་། རྒྱབ་སྐྱོར་བྱེད་སའི་གང་ཟག་སྒེར་གྱི་ཆེད་དུ། སྤྱི་ཚོགས་དྲྭ་ལམ་སོགས་བརྒྱུད་ནས་བོད་པའི་སྤྱི་ཚོགས་དཀྲུག་རྒྱུའི་བྱ་སྤྱོད་རིགས་ངེས་པར་དུ་མཚམས་འཇོག་དགོས་པ། དེ་བཞིན་མང་ཚོགས་ནས་སྤྱི་ཚོགས་དྲྭ་ལམ་ཐོག་དཀྲུག་ཤིང་རྒྱག་མཁན་ཚོའི་རྗེས་སུ་མ་འབྲངས་བར་བཟང་ངན་དབྱེ་འབྱེད་ཤེས་དགོས་རྒྱུ་སོགས་ནན་པོ་གསུངས་གནང་རྗེས། མི་མང་གི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག
ཉིན་རྒྱབ་ཨེ་ཝམ་གནུབས་ཆེན་གནམ་ལྕགས་བཙུན་དགོན་ལ་མཆོད་མཇལ་དང་། དེ་ནས་ཨོཌ་ལ་བྷ་རི་ (Oodlabari) ལ་ཕེབས་ཏེ། ས་གནས་བོད་རིགས་རྣམས་དང་ལྷན་འཛོམས་ཐོག བོད་ཀྱི་ད་ལྟའི་སྤྱི་ཡོངས་གནས་སྟངས་སྐོར་ངོ་སྤྲོད་དང་། དེ་བཞིན་གཞོན་སྐྱེས་ཚོས་བོད་མི་རིགས་ཀྱི་སྐད་དང་ཡི་གེ ཡུལ་སྲོལ་གོམ་གཤིས་སོགས་མི་ཉམས་གོང་སྤེལ་དང་རྒྱུན་འཛིན་བྱ་རྒྱུའི་འགན་ཁུར་དང་དུ་བླངས་ནས་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེན་ནང་གི་དོན་ཆེན་ཡིན་པའི་སྐོར་སོགས་གསུངས་རྗེས།
བཀའ་བརྒྱུད་དགོན་འབོ་དཀར་བཤད་གྲྭར་མཆོད་མཇལ་དང་། དེ་ནས་ཇཡེ་སྒང་། (Jaigaon) ཕྱོགས་ལ་ཕེབས་ཐོན་གནང་ཡོད་འདུག
ཕྱི་ཚེས་ ༢༣ ཉིན་གྱི་ཞོགས་པ་ཇཡེ་སྒང་ས་གནས་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་དང་། མང་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། འབྲུག་ཡུལ་ལ་ཕེབས་ཏེ། ས་མཚམས་ལ་ཡོད་པའི་བོད་པའི་སྡོད་གནས་དང་ཚོང་ཁང་ཁག་ཅིག་ལ་གཟིགས་སྐོར་དང་། ཉིན་རྒྱབ་ཆུ་ཚོད་ ༢།༠༠ ཐོག་ཇཡེ་སྒང་ནས་ཀ་སྦུག་ལ་ཕེབས་ཐོན་གནང་ཡོད་པ་བཅས།