བོད་མི་མང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་རྣམ་གཉིས་རྒྱ་གར་བྱང་ཕྱོགས་སྡེ་ར་སྡུན་ཁུལ་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།


༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་ཕྱི་མའི་ནང་མང་ཚོགས་ལ་ཆབ་སྲིད་སོགས་ཀྱི་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༢༥ ནས་ཟླ་ ༡༢ པའི་ཚེས་ ༨ བར་རྒྱ་གར་བྱང་ཕྱོགས་སྡེ་ར་སྡུན་ཁུལ་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་གཏན་ཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༡༡ ཚེས་ ༢༥ ཉིན་སོ་སོའི་བཞུགས་གནས་ནས་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༦ ཉིན་བདེ་སྐྱིད་གླིང་ས་གནས་སུ་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཚེས་ ༢༧ ཉིན་བདེ་སྐྱིད་གླིང་དང་། དགེ་འཕེལ་གླིང་གཞིས་ཆགས་ཁྱབ་ཁོངས་ལས་ཁུངས་ཁག་དང་། དགོན་སྡེ་ཁག་ལ་ལས་རིམ་བསྐྱང་རྒྱུ། ཕྱི་ཚེས་ ༢༨ ཉིན་ས་གནས་ཀྱི་སློབ་གྲྭ་ཁག་ལ་ལས་རིམ། ཕྱི་ཚེས་ ༢༩ ཉིན་དོན་གྲུབ་གླིང་གཞིས་ཆགས་སུ་ལས་རིམ། ཕྱི་ཚེས་ ༣༠ ཉིན་གླིང་ཚང་གཞིས་ཆགས་སུ་ལས་རིམ། ཕྱི་ཟླ་ ༡༢ པའི་ཚེས་ ༡ ཉིན་ནེ་ནཱི་ཏལ་ལ་ཕེབས་ཐོན་གྱིས་ཕྱི་ཚེས་ ༢ ཉིན་ས་གནས་སུ་ལས་རིམ། ཕྱི་ཚེས་ ༣ ཉིན་ནེ་ནཱི་ཏལ་ནས་སྡེ་ར་སྡུན་ལ་ཕྱིར་ཕེབས་ཀྱིས་ཕྱི་ཚེས་ ༤ ཉིན་མུ་མཐུད་བདེ་སྐྱིད་གླིང་གཞིས་ཆགས་སུ་ལས་རིམ། ཕྱི་ཚེས་ ༥ ཉིན་སར་ས་ཝ་དམག་སྒར་ལ་ལས་རིམ། ཕྱི་ཚེས་ ༦ ཉིན་ས་གནས་ཀྱི་ལས་སྣེ་རྣམས་དང་ལྷན་བཞུགས་མོལ་ཚོགས་འདུའི་ལས་རིམ། ཕྱི་ཚེས་ ༧ ཉིན་བཞུགས་སྒར་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས།