བོད་མི་མང་སྤྱི་འཐུས་ཟུར་པ་བདུད་འདུལ་སྤྲུལ་སྐུ་བློ་བཟང་ཐུབ་བསྟན་དམ་པ་མཆོག་གི་སྐུ་ཚེའི་འཕེན་པ་རྫོགས་པར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དམ་པ་ཁོང་གི་སྐུ་མཆེད་སླེ་ལུང་རིན་པོ་མཆོག་གིས་དབུས་འདོད་གཅིག་ཤག་ཚང་དགེ་ཕྲུག་ཉེ་འབྲེལ་ལྟོས་བཅས་རྣམས་ལ་ཐུགས་གསོ་གནང་བ།

༄༅། །བོད་མི་མང་སྤྱི་འཐུས་སྐབས་ལྔ་པའི་སྤྱི་འཐུས་ཀྱི་ལས་འཁུར་བཞེས་མྱོང་མཁན་དགུང་གྲངས་ ༨༤ ལ་ཕེབས་པ་སྤྱི་ཟུར་བདུད་འདུལ་སྤྲུལ་སྐུ་བློ་བཟང་ཐུབ་བསྟན་མཆོག་འདི་ལོ་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡༤ ཉིན་ཧུབ་ལི་སྨན་ཁང་དུ་སྐུ་ཚེ་མ་ཟིན་པའི་གནས་སུ་གྱུར་པའི་གནས་ཚུལ་ཐོན་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དམ་པ་ཁོང་གི་སྐུ་མཆེད་སླེ་ལུང་རིན་པོ་ཆེ་མཆོག་གིས་དབུས་འདོད་གཅིག་ཤག་ཚང་དགེ་ཕྲུག་ཉེ་འབྲེལ་ལྟོས་བཅས་རྣམས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་ཕུལ་བའི་ནང་འཁོད་དོན། སྐུ་ཚེ་མ་ཟིན་པའི་གནས་སུ་གྱུར་པའི་གནས་ཚུལ་ཐོན་པར་ཡིད་སྐྱོ་དང་བློ་ཕམ་གྱི་གནས་སུ་གྱུར་པ་དང་། དམ་པ་གང་གི་ཤུལ་ལུས་རྣམས་ཀྱང་ཡིད་གདུང་ཆེན་པོ་བྱུང་ངེས་ཀྱང་། སྐྱེ་འགྲོ་ཀུན་གྱི་སྐྱེ་འཆིར་ངེས་པ་མེད་པའི་རང་བཞིན་ཆོས་ཉིད་ལ་དགོངས་རྒྱ་ཆེ་བཞེས་དང་འབྲེལ་དམ་པ་དེ་ཉིད་ཀྱི་ཆེད་རྣམ་དཀར་དགེ་ཚོགས་ཀྱི་གནང་སྒོ་རིམ་པ་གནང་བཞིན་ཡོད་པར་གཞིར་བཅས། འདི་ནས་ཀྱང་དམ་པ་དེ་ཉིད་ཀྱིས་བོད་བསྟན་སྲིད་མི་རིགས་དང་། བོད་མིའི་སྒྲིག་འཛུགས། བོད་རྒྱ་ཆེའི་མང་ཚོགས་བཅས་ཀྱི་དོན་དུ་ཞབས་ཞུ་མཐར་སོན་གནང་བའི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། མཆོག་གསུམ་རྒྱལ་བའི་སྤྱན་སྔར་མཆོད་སྤྲིན་དང་བཅས་གང་གིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ཅིང་། འཕགས་མཆོག་ཕྱག་ན་པདྨོས་རྗེས་སུ་བཟུང་སྟེ་རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་སྦྲགས། ཤུལ་ལུས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག

 དེ་ཡང་སྤྱི་ཟུར་བདུད་འདུལ་སྤྲུལ་སྐུ་རིན་པོ་ཆེ་མཆོག་འཁྲུངས་ཡུལ་ཁམས་དཀར་མཛེས་དང་། ཡབ་ཡུམ་དང་ལྷན་དུ་མདོ་སྨད་རྔ་བ་ཡུལ་དུ་ཕེབས། འཕགས་ཡུལ་དུ་འབྱོར་ནས་ཐོག་མར་ཀ་སྦུག་བོད་གཞུང་སློབ་གྲྭ་འགྲིམས་ཏེ་ཐོན་རྗེས། རྡ་སར་དགེ་འོས་སློབ་གྲྭ་སོགས་འགྲིམས། དེ་ནས་ཀ་སྦུག་དང་། མ་སུ་རི། སིམ་ལ། ཀོ་ལི་གྷལ་སོགས་ཀྱི་བོད་གཞུང་སློབ་གྲྭའི་ནང་དགེ་རྒན་གྱི་འགན་བཞེས་ཏེ། ཁྱོན་མི་ལོ་ ༣༣ ཙམ་རིང་དགེ་རྒན་གྱི་ཕྱག་ལས་གནང་བ་དང་། དེ་བཞིན་བོད་མི་མང་མདོ་སྨད་སྤྱི་འཐུས་ཀྱི་མཛད་འགན་ཡང་བཞེས་མྱོང་། གང་ལྟར་ཁོང་གི་སྐུ་ཚེ་ཧྲིལ་པོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་ཕྱག་ལས་གནང་བ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་ལ་སྨན་པའི་བྱ་བ་མང་པོ་མཛད་ཡོད་པའི་ལོ་རྒྱུས་སྙིང་བསྡུས་སུ། །